བོད་རྒྱའི་འབྲེལ་ལམ་ལ་སྐུ་ཉིད་ཀྱིས་ཐུགས་འགན་བཞེས་དགོས།
མཇལ་འཕྲད་དེའི་སྐབས་བཀའ་མོལ་ག་རེ་བྱུང་ཡོད་མེད་སྐོར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསར་འགྱུར་བརྒྱུད་ལམ་དུ་འགྲེལ་བརྗོད་གནང་དོན། “དེ་རིང་སྲིད་འཛིན་དང་༧གོང་ས་མཆོག་གཉིས་གྲོགས་པོ་རྙིང་པ་མཇལ་འཕྲད་བྱུང་བ་ལྟར་ཐུགས་མཉེས་པོའི་ཐོག་ནས་མཇལ་འཕྲད་གནང་བ་རེད། དང་པོ་སྲིད་འཛིན་གྱིས་ཁོང་གི་སྲས་མོ་གཉིས་ཀྱིས་༧གོང་ས་མཆོག་མཇལ་ཁ་ཞུ་འདོད་འདུག་ཅེས་ཞུས་པ་ལྟར། སྲིད་འཛིན་གྱི་སྲས་མོ་གཉིས་ལ་མཇལ་ཁ་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་ཡོད་ལ། ལྷག་པར་དུ་༧གོང་ས་མཆོག་གིས་རྒྱ་བོད་ཀྱི་དཀའ་ངལ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བ་དེ་རླབས་ཆེན་རེད། མུ་མཐུད་ནས་དེའི་ཐོག་ཕྱག་ལས་གནང་བ་དེར་གུས་ཞབས་ཡོད་ལ་རྒྱབ་སྐྱོར་ཡོད། ཨ་རི་གཞུང་གི་གནད་ཡོད་མི་སྣ་ཚོ་རྒྱ་ནག་གི་སྲིད་འཛིན་གཙོས་གནད་ཡོད་མི་སྣ་སུ་ལ་ག་དུས་ཐུག་ཀྱང་། བོད་ཀྱི་གནན་དོན་གྱི་སྐོར་ཤུགས་ཆེན་པོ་བཤད་ཀྱི་ཡོད་ལ། མ་འོངས་པར་ཡང་བཤད་རྒྱུ་ཡིན་གསུངས་སོང་”ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་མུ་མཐུད་གསུང་དོན། “༧གོང་ས་མཆོག་གིས་བོད་ཀྱི་ཆོས་ལུགས་ཀྱི་ཐོག་ནས་ལ་བྱ་བ་ཡག་པོ་ག་རེ་བྱས་ནའང་། མཐའ་མ་དེར་བསྔོ་བ་དགོས་པ་རེད། དེ་རིང་དུས་འཁོར་དབང་ཆེན་གྱི་མཐའ་མར་སྤྱིར་སྐྱེ་འགྲོ་ཡོངས། འཛམ་གླིང་ཞི་བདེ་དང་། ཨ་རིའི་རྒྱལ་ཁབ་དེ་མ་འོངས་པར་དཔལ་འབྱོར་དང་ཆབ་སྲིད་ཚང་མ་ཡག་པོ་ཡོང་ཆེད་དུ་སྨོན་ལམ་བརྒྱབ་པ་ཡིན། ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་གི་རང་དབང་དང་མང་གཙོར་དགའ་བའི་རྒྱལ་ཁབ་ཚང་མའི་ནང་གི་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་རེད། ཨ་རིའི་སྟོབས་དང་ནུས་པ་དཔལ་འབྱོར་ཉམས་ཆག་སོང་ན། ཨ་རི་གཅིག་པུར་གནོད་པ་མ་རེད། འཛམ་གླིང་སྤྱི་ལ་གནོད་རྒྱུ་རེད། དེ་ལྟར་ཡིན་པས་ཐུགས་སྨོན་ཆེན་པོ་གནང་བ་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དང་འཛིན་སྐྱོང་གི་སྐུ་དབང་ཚང་མ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་རྩིས་སྤྲོད་ཟིན་པའི་སྐོར་ངོ་སྤྲོད་གནང་སོང་། ཨ་རིའི་སྲིད་འཛིན་ཀྱིས་སྐུ་ཉིད་མང་གཙོའི་ལམ་ལུགས་ལ་གུས་ཞབས་དང་བརྩེ་བ་ཆེན་པོ་ཡོད་པ་ང་ཚོས་ཧ་གོ་ཡི་ཡོད། ཡིན་ནའང་རྒྱ་བོད་ཀྱི་འབྲེལ་བ་གཙོས་བོད་མི་རིགས་ཀྱི་ལས་དོན་གནད་འགག་ཆེན་པོའི་ཐོག་ལ་བོད་མི་རིགས་ཀྱིས་ཡིད་ཆེས་བྱེད་ས་དེ་༧རྒྱལ་བ་རིན་པོ་ཆེ་ཁྱེད་རང་རེད། དེ་མུ་མཐུད་ཐུགས་འགན་བཞེས་དགོས་པ་རེད་ཅེས་གསུངས་སོང་། སྐབས་དེར་༧གོང་ས་མཆོག་གིས་ཡིན་དང་ཡིན། ངས་གསལ་པོ་བཤད་ཀྱི་ཡོད། ང་བོད་མི་ཞིག་རེད། བོད་མི་རིགས་ཀྱི་ཁེ་ཕན་ཐོག་ལ་ག་རེ་བྱེད་དགོས་ནའང་བྱེད་རྒྱུ་དེ་ང་རང་གི་འགན་རེད་གསུངས་སོང་”ཞེས་འགྲེལ་བརྗོད་གནང་སོང་།
༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་གནང་བ་ འདིས་ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྒྱུན་འཛིན་གནང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསལ་བཏོན་ གནང་བ་རེད་ཅེས་སྲིད་འཛིན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བཀོད་འདུག ཨ་རིའི་སྲིད་འཛིན་གྱིས་བོད་རྒྱའི་དབར་མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཐབས་ སུ་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོལ་མོལ་གནང་ རྒྱུར་སྲིད་འཛིན་གྱིས་རྒྱུན་སྲིང་ནས་རྒྱབ་སྐྱོར་གནང་རྒྱུར་གསལ་བཏོན་གནང་གི་ རེད་ཅེས་སྲིད་འཛིན་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད། ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་གཉིས་མཇལ་འཕྲད་གྲུབ་མཚམས་༧གོང་ས་མཆོག་གིས་ གསར་འགོད་པར་གསུངས་པར། མང་གཙོའི་ལམ་ལུགས་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པས། རང་བཞིན་གྱིས་འགྲོ་བ་མིའི་གཞི་རིམ་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་གཙིགས་ཆེར་འཛིན་གྱི་འདུག་ཅེས་དང༌། བོད་ ནང་བོད་མིའི་དཀའ་སྡུག་ལ་རང་བཞིན་གྱིས་ཁ་ཞེ་གཉིས་མེད་ཀྱི་ཐུགས་འཚབ་གནང་གི་ འདུག་ཅེས་༧གོང་ས་མཆོག་གིས་གསར་འགོད་པར་བཀའ་གནང་འདུག ཡང་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་འགྲོ་བ་མི་ གཅིག་འགྱུར་ཡིན་པའི་ཆ་ནས་ཐུགས་ཉེ་བའི་འཚོར་སྣང་བྱུང་ཞེས་གསུངས་གནང་བ་སོགས་ གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་འདུག