དབུས་གཙང་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་སྔོན་འགྲོ།
བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུའི་སྐབས་དབུས་གཙང་སྤྱི་འཐུས་གཉིས་ལ་བརྒྱ་ཆ་མ་ལོངས་པར་བརྟེན། བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་ལྟར། ཟླ་འདིའི་ཚེས་༡༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གྲངས་བཤེར་ཚར་བའི་གསལ་བསྒྲགས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤེལ་ཡོད་པ་དང་། སྐབས་དེར་འོས་མི་རྩེ་བཏོག་༡༠ བཀྲམ་པ་དང་དེའི་ནང་ནས་དགོངས་པ་ཞུ་མཁན་ག་ཚོད་ཡོད་མེད་བལྟས་རྗེས། རྩེ་བཏོག་འོས་མི་བཞི་དངོས་གཞིའི་འོས་མིར་བཀྲམ་རྒྱུ་ཡིན་པ་རེད།
དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་བསྡུ་དེ་སྔོན་མ་ཕྱི་ཟླ་༩ པའི་ཚེས་༡༡ ལ་གཏན་ཁེལ་ཟིན་ཡང་། གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་འོས་བསྡུ་ཚར་ན་ཡག་པོ་ཡོད་སྐོར་གསུང་མཁན་འདུག་པས། ཕྱི་ཟླ་དགུས་པའི་ཚེས་༤ ལ་གཏན་ཁེལ་བ་ཡིན། ཡིན་ཡང་གྲོས་ཚོགས་ཚོགས་དུས་གཉིས་པའི་སྔོན་ལ་ཚར་གྱི་ཡོད་མེད་ད་ལྟ་གསལ་པོ་བཤད་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
འོས་བསྡུ་གསལ་བསྒྲགས་བྱེད་ཕྱོགས་སྐོར་ལ་འོས་བསྡུའི་འགན་འཛིན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ས་གནས་ཀྱི་འོས་ཤོག་གྲངས་བཤེར་ཚར་པ་དང་ས་གནས་སོ་སོ་ནས་གསལ་བསྒྲགས་བྱས་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་དགོས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་ཞུས་ཀྱང། ད་ལྟའི་ཆར་སྒྲིག་གཞི་སྒྱུར་བཅོས་དགོས་པ་མ་མཐོང་ཞེས་སྤྱི་འཐུས་རྒྱུན་ལས་ནས་ལན་གནང་སོང་ཞེས་གསུངས་སོང་།
ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་ཡོད་མཁན་༤༥༨༧ ཡོད་པ་དང་དེའི་ནང་ནས་དངོས་སུ་འོས་འཕེན་མཁན་༡༥༤༥༥ བྱུང་ན་དང་། རྩེ་བཏོག་ཨང་དང་པོར་ཟླ་བ་ཕུན་སྐྱིད་ལ་འོས་གྲངས་༣༦༩༡ དང་། འཇིགས་མེད་འབྱུང་གནས་ལ་༣༡༥༦ ཨོ་རྒྱན་བསྟན་འཛིན་ལ་༢༤༨༦ པདྨ་རྡོ་རྗེ་ལ་༡༦༩༣ ཚེ་བརྟན་ནོར་བུ་ལ་༡༤༡༥ རིན་ཆེན་ཚེ་རིང་ལ་༡༣༦༣ ཚེ་རིང་དབང་ཕྱུག་ལ་༡༣༣༥ བསོད་ནམས་བཟང་པོ་ལ་༡༡༧༩ སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལ་༡༠༡༥ བྱ་ཉར་ཚེ་རིང་ལྷ་སྐྱབས་ལ་༩༨༧ བྱུང་ཡོད་པ་རེད།
བར་མའི་འོས་བསྡུའི་འགྲོ་སོང་ཆེད་ཧིན་སྒོར་འབུམ་དགུ་ནས་བཅུ་བར་འགྲོ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་དེ་སྔོན་དབུས་འོས་བསྡུ་ལས་ཁང་ནས་འགྲེལ་བརྗོད་གནང་ཡོད་པ་རེད།།
{jcomments on}