༈ དྲག་ཆར་འཚུབ་ལུགས་དང་རླུང་བུས་སྡང་སྟངས་འདི།

མུན་ཁུང་འུར་གྱི་བསུ་སྟངས་འདི་ཡིས་འཇའ་འོད་གུར་ཁང་རྨང་ནས་བཏིང་།།

རེ་བའི་སྣེ་མོར་འཇུ་པའི་མཚམས་ནས་ཡོད་ཚད་སྦད་པའི་རྣལ་འབྱོར་བཟུང་།།

སེམས་ཀྱི་མེ་ལྕེ་དགུང་ལ་མཆེད་ཀྱང་རྒྱལ་ཁམས་མུན་པའི་འོབས་སུ་འཐིམས།།

དག་སྣང་ཞིག་གི་སེམས་ན་བཞད་པའི་མེ་ཏོག་ཡོད་ཚད་བག་ལ་གཞའ།།

 

ཁ་སང་གཞན་དག་འཕུར་བའི་ཤུལ་དུ་ཁྱོད་ཉིད་ལྡིང་པའི་སྣང་བ་འདི།།

དེ་རིང་གཤོག་རྩལ་ཇི་ཙམ་རྒྱས་མིན་ཁྲོམ་གཞུང་འདི་ན་འབྱེད་ངེས་ལགས།།

ཉིན་མོ་མུན་པའི་སྨག་རུམ་བསྒྱུར་འདི་རང་གིས་བསྐྲུན་པའི་ནག་ཉེས་ལས།།

ནམ་ཡང་དགྲ་ཁ་གཞན་ལ་གཏད་པའི་ལེ་ཁ་སུ་ལའང་དཀྲིག་ས་མེད།།

 

 

ཁུག་སོ་མེད་པའི་ལམ་སྣེ་ཞིག་ལ་སེམས་ཀྱི་རི་མོ་དམ་དུ་འཁྱུད།།

ཡོད་ཚད་གཉིད་ཀྱི་ཞིང་ལས་དཀྲོགས་ཕྱིར་གསེར་གྱི་གཅོང་བརྡ་བཀྲོལ་སྟངས་འདིར།།

མུན་སྣང་འཐིབས་པའི་ཁུང་བུའི་གསེབ་ནས་ཀུན་ཀྱང་རྨོངས་པའི་ཁོར་ཡུག་ཅེས།།

གླེང་ཕྱོགས་འདི་ཡང་སྡང་ཟུག་ཅིག་གིས་དྲིན་གྱི་བཟོ་ཡི་ལེགས་སྐྱེས་བསམ།།

 

 

གནམ་གྱི་གཤིས་ཀ་འཁྲུག་ལུགས་འདི་ཡང་འབྲུག་སྐད་ཅིག་གིས་རྨང་ནས་བསླངས།།

ས་ཡི་གདོན་བགེགས་འཚུབ་སྟངས་འདི་ཡང་བསངས་གསོལ་ཆད་པའི་ཉེན་ཁ་ཞིག།

བར་གྱི་རླུང་བུས་སྡང་ཚུལ་འདི་ཉིད་ཡོད་རྒུ་འཁྲུག་པའི་མཚོན་སྟངས་ཤིག།

བསངས་དང་གསོལ་ཁའི་སྔར་སྲོལ་འདི་དག་ང་ཡི་གཤིས་སུ་འཇགས་ཐབས་བྲལ།།

 

 

གནམ་ལ་འདེགས་པའི་རིན་ཐང་འདི་ཀོ་རང་གི་རྒྱག་པའི་ཚད་གཞི་ཞིག།

ཡར་ཐོད་སྤྲིན་པ་འཁོར་ཕྱོགས་བར་ན་ཉི་མའི་སྣང་བ་འགོག་ལ་བྲེལ།།

མར་ནང་ས་གཞི་སྨུག་པོ་འདི་ཉིད་རྐང་པ་ཟུང་གིས་གནོན་ཤོག་དང་།།

ལྷིང་དུ་འཇགས་པའི་ཁོར་ཡུག་འདི་ཉིད་ནམ་ཡང་འུར་གྱིས་སྤུར་ངེས་ཡིན།།

 

 

ཁྱི་དང་ཁྱི་ཡི་བརྟུལ་ཞུགས་ཅན་ཚོས་ལྕེ་ལེ་མནར་སྟངས་འདི་ཉིད་ཀྱིས།།

འབྱོར་ལྡན་དག་གི་ལྷག་འཕྲོས་ཡོད་ཚད་གང་ཞིག་འཛུམ་གྱིས་འཆའ་བཞིན་དུ།།

བདག་པོའི་ལྷམ་གོག་ལྕེ་ཡིས་ལྡགས་ཏེ་རྔ་མ་གཡུགས་ཐེངས་རེ་རེ་ཡི།།

ཟློས་གར་རྩེན་པའི་ལམ་ལུགས་འདི་ཀོ་བདག་གི་གཤིས་སུ་ཇི་ལྟར་གོམས།།

ཕྱི་ལོ་༢༠༡༡། ༧། ༡༦ ཉིན་བྲིས།