ཡུ་གུར་མི་རིགས་ཀྱིས་ངོ་རྒོལ།
སྤྱི་བཏང་ཡུ་གུར་གྱི་གནས་ཚུལ་འདི་རྒྱུན་ལྡན་ལྟར་ཡིན་ནའང་། མི་མང་ངོ་རྒོལ་བ་ཚོས་ཉེན་རྟོག་པ་མི་གཏེ་བཙན་ཁྲིད་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། མི་གཏེ་བཙན་ཁྲིད་ཀྱི་གནས་ཚུལ་དེ་ངོ་རྒོལ་བའི་སྟོབས་ཤུགས་ཤིག་མ་ཡིན་པ་ཉེན་རྟོག་པས་བཀོད་བྱུས་བཤམ་པ་ཞིག་རེད་ཅེས་གཞུང་འབྲེལ་མ་ཡིན་པའི་མི་སྣ་ཁག་ཅིག་གིས་གནས་ཚུལ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད།
མི་མང་ངོ་རྒོལ་བ་རྣམས་ས་གནས་ཉེན་རྟོག་ལས་ཁུངས་ནང་འཛུལ་ཏེ་མི་མང་དང་ཉེན་རྟོག་རུ་ཁག་བར་ཡ་ང་བའི་འཐབ་འཛིང་བྱས་པར་བརྟེན། མི་མང་ཚོས་ཉེན་རྟོག་ལས་ཁུངས་ཀྱི་ཁང་པ་མེར་སྲེག་བཏང་སྟེ། དྲག་ཆས་སྤྲད་པའི་སྐོར་སྲུང་བ་བརྒྱད་མཉམ་ཁྲིད་ཐོག། བདེ་སྲུང་ཉེན་རྟོག་པ་གཉིས་བསད་པ་དང། གཅིག་ལ་རྨས་སྐྱོན་ཚབས་ཆེན་བྱས་ཡོད་འདུག གནས་ཚུལ་དེའི་རྒྱུ་རྐྱེན་གཙོ་བོ་ད་བར་གསལ་རྟོགས་ཐུབ་མེད་ནའང་། ཡུ་གུར་ཁ་བྲལ་རིང་ལུགས་ཀྱིི་ལས་འགུལ་དང་འབྲེལ་བ་ཡོད་སྐོར་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡུ་གུར་དང་རྒྱ་མི་རིགས་བར་༢༠༠༨ དང་༢༠༠༩ བཅས་ལ་ངོ་རྒོལ་ཤུགས་ཆེན་བྱུང་བ་དང་། སྐབས་དེར་རྒྱ་གཞུང་ནས་དྲག་པོའི་གོ་མཚོན་བེད་སྤྱད་དེ་ངོ་རྒོལ་བ་ཚོ་ཕམ་ཉེས་བཏང་ཡོད་པ་མ་ཟད། སྐོར་སྲུང་བ་དང་ལས་བྱེད་ཁག་ཅིག་ཀྱང་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། ན་ནིང་ཕྱི་ཟླ་༨ པའི་ནང་ཡུ་གུར་མི་རིགས་ཚོས་ངོ་རྒོལ་ཤུགས་ཆེན་བྱས་ཏེ་མི་གྲངས་བདུན་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད་ཅེས་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད།།