ཁམས་ཉག་རོང་གི་བོད་མི་རྣམས་ཀྱིི་ཛ་དྲག་དཀའ་ངལ།
དེ་ཡང་ཁམས་ཉག་རོང་ནས་ཡིན་པ་ཡེ་ཤེས་བཟང་པོ་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉག་རོང་རྫོང་ནི་དེང་དུས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང། ཉག་རོང་རྫོང་ཁོངས་ཀྱི་བོད་རིགས་མི་མང་ཕལ་ཆེ་བ་ཞིང་ལས་གཉེར་མཁན་ཤ་སྟག་ཡིན་པ་རེད། ལོ་མང་པོའི་སྔོན་ནས་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་ས་ཞིང་མ་བཏབ་པར་རྩྭ་འདེབས་བཅུག་ཡོད་པ་དང་། ཐོག་མའི་ལོ་ཁ་ཤས་ལ་གུན་གསབ་ལྟ་བུ་རེ་སྤྲད་བཞིན་ཡོད་ཀྱང། འདས་པའི་ལོ་གཉིས་ནང་མི་མང་ལ་གུན་གསབ་སྐར་གང་སྤྲད་མེད་པ་རེད།
རྒྱ་ནག་དབུས་གཞུང་ནས་ཉག་རོང་རྫོང་ཁོངས་ཀྱི་མི་མང་ལ་ས་ཞིང་གི་གུན་གསབ་ཆེད་ལོ་རེར་རྒྱ་སྒོར་ཁྲི་༡༢༠༠ རེ་སྤྲད་བཞིན་ཡོད་ཀྱང། ས་གནས་མི་མང་གི་ལག་ཏུ་སྐར་གང་ཙམ་ཡང་མ་རག་པར་རང་སྐྱོང་ཁུལ་དང་རྫོང་གི་གནད་ཡོད་རྣམས་ཀྱིས་བར་ཟོས་བྱས་ནས་མི་མང་གི་འཚོ་རྟེན་ལ་དོ་ཕོགས་ཆེན་པོ་འགྲོ་བཞིན་ཡོད་འདུག དེ་བཞིན་ཉག་རོང་རྫོང་ནི་ཤིང་ནགས་ཧ་ཅང་མང་བའི་ས་ཆ་ཞིག་ཡིན་པ་དང། ཤིང་ནགས་མང་ཆེ་བ་རྒྱ་གཞུང་གིས་གཅོད་འབྲེགས་བྱས་ཟིན་ཡོད་འདུག རྒྱ་ནག་དབུས་གཞུང་ནས་ཉག་རོང་རྫོང་ལ་ཁོར་ཡུག་སྲུང་སྐྱོབ་ཆེད་རྒྱ་སྒོར་ཁྲི་༦༠༠ སྤྲད་ཀྱང་ཁོར་ཡུག་དང་འབྲེལ་བའི་སྐོར་འགྲོ་སོང་གཏན་ནས་བཏང་མེད་པ་ཟད། སྒོར་ཁྲི་༦༠༠ དེ་ཡང་དཔོན་རིགས་ནང་ཁུལ་ནས་ལྐོག་ཟ་བྱས་པའི་གནས་ཚུལ་ཡོད་འདུག ཉག་རོང་མི་མང་གི་ངོས་ནས་ཕྱི་ལོ་༢༠༠༨ ལོར་ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ཉམས་གུད་ཆེན་པོ་འགྲོ་བཞིན་ཡོད་པར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་བཙུགས་ནས་རང་ནུས་གང་ཡོད་ཀྱིས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ལོ་འདིའི་ཕྱི་ཟླ་༥ པའི་ནང་ཉག་སྨད་སེང་གེ་མདོ་ཞེས་པའི་གནས་རི་རྩ་ཆེན་ཞིག་ཡོད་པ་དེར་རྒྱ་མིའི་ལས་བྱེད་པ་སླེབས་ནས་གཏེར་ཁ་སྔོག་འདོན་བྱས་པར་བརྟེན། ས་གནས་མི་མང་གིས་གཏེར་ཁ་སྔོག་འདོན་མི་ཆོག་པའི་བསམ་ཚུལ་ཨུ་ཚུགས་ཀྱིས་བཤད་དེ་མི་མང་དང་ལས་བྱེད་པའི་དབར་འཁྲུག་འཛིང་ཤོར་ཡོད་པ་དང། རྒྱ་གཞུང་གི་ལས་བྱེད་པའི་རླངས་འཁོར་ཆུང་བ་༥ མི་མང་གིས་ཉག་ཆུའི་ནང་དུ་གཡུགས་འདུག ས་གནས་དེ་རང་དུ་ཉེན་རྟོག་པས་བོད་མི་༥ འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང། ས་གནས་ཀྱི་བོད་མི་གནད་ཡོད་གང་མང་ཞིག་རི་ལ་བྲོས་ནས་གབ་ཡིབས་བྱེད་དགོས་ཐུག་ཡོད་པ་རེད། དེ་བཞིན་གཙང་ཆུ་ཁ་བསྒྱུར་གྱི་ལས་གཞི་དང་འབྲེལ་བའི་ཐོག་ནས་ཉག་ཆུའི་རྒྱུད་དུ་ཡོད་པའི་མི་མང་རྣམས་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་། དེ་ཡང་ལི་ཐང་རྫོང་དང་། རྟའུ་རྫོང། དཀར་མཛེས་རྫོང། བྲག་མགོ་རྫོང་སོགས་སུ་ཁ་གཏོར་ནས་སྤོ་དགོས་པ་ལས་རྫོང་སྒོ་གཅིག་གི་ནང་དུ་ཚང་མ་སྤོ་མི་ཆོག་ཚུལ་བརྗོད་འདུག ཁང་ཁྱིམ་ཚང་མ་བསྐྱུར་ནས་གནས་སྤོས་བྱེད་དགོས་པ་དང་འགྲོ་སོང་རྒྱ་གཞུང་གི་ངོས་ནས་གཏོང་གི་མེད་སྟབས་མི་མང་རྣམས་འཚོ་རྟེན་གང་ཡང་མེད་པའི་དབུལ་པོ་ཁྱུ་གཅིག་ཆགས་པ་རེད་ཅེས་ཚོར་ཤུགས་ཆེན་པོས་འགྲེལ་བརྗོད་གནང་སོང་།
གནད་དོན་དེ་དག་ལ་བརྟེན་ནས་ཉག་རོང་རྫོང་ཁོངས་ས་སྟོད་གྲོང་ནས་ཡིན་པ་བ་ར་ཐག་དང་། པདྨ། བཟུར་པ་གྲོང་ནས་ཡིན་པ་རྣམ་རྒྱལ་དང་། འཆི་མེད་རྡོ་རྗེ། རྒྱ་ཤོད་གྲོང་ནས་ཡིན་པ་ཚེ་དབང་རྣམ་རྒྱལ་དང་། བསྟན་འཛིན་ཡེ་ཤེས། ར་ལོག་གྲོང་ནས་ཡིན་པ་ཨ་གཙོ། དྷ་ཀེ་གྲོང་ནས་ཡིན་པ་ཤེས་རབ་འོད་གསལ་དང་། ཚེ་དགའ། བློ་ལུ། འཕེལ་ཚྭ་གྲོང་ནས་ཡིན་པ་ཞི་བ།(ཁོང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ཡིན་འདུག)སེ་ཝེ་གྲོང་ནས་ཡིན་པ་སུག་ལུ། ཐང་སྐྱ་གྲོང་ནས་ཡིན་པའི་མི་གཅིག བཅས་མི་༡༣ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སོང་ནས། དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཞུ་གཏུག་བྱས་འདུག་པ་དང། སྲིད་བློན་ཝུན་ཅ་པོ་དང་ཐུག་དགོས་པའི་རེ་སྐུལ་ཞུས་ཀྱང་སྲིད་བློན་ལ་མི་མང་གིས་བདེ་སྡུག་ཞུ་བའི་སྐབས་ཉུང་མཐའ་མི་༢༥ དགོས་པས་ཁྱེད་རྣམས་ལ་མི་༡༣ ལས་མེད་པས་ཆ་རྐྱེན་མི་ཚང་བར་བརྗོད་དེ་སྲིད་བློན་ཝུན་དང་དངོས་སུ་ཐུག་འཕྲད་བྱེད་ས་རག་མེད་པ་རེད། ཁོང་རྣམས་ཕྱིར་ལོག་པའི་ལམ་བར་དཀར་མཛེས་ཁུལ་གྱི་ལྟེ་གནས་དར་རྩེ་མདོར་སླེབས་པའི་སྐབས་ཉེན་རྟོག་པས་འཇུ་འཟུང་བཙོན་འཇུག་བྱས་ཡོད་པ་དང། ས་གནས་མི་མང་གིས་ཁོང་རྣམས་གང་མགྱོགས་གློད་གྲོལ་མ་བཏང་ན་ཉག་རོང་མི་མང་ཚང་མས་དུས་གཅིག་ཏུ། རྒྱ་ནག་གཞུང་གི་བཙན་གནོན་འོག་བོད་མི་རིགས་ལ་རང་དབང་མེད་པའི་གནས་ཚུལ་གསལ་སྟོན་ཆེད་ཞི་རྒོལ་བྱེད་རྒྱུ་ཡིན་ཞེས་ཨུ་ཚུགས་ཀྱིས་བརྗོད་ནས་བ་ར་ཐག་དང་། འཆི་མེད་རྡོ་རྗེ། ཚེ་དབང་རྣམ་རྒྱལ། བསྟན་འཛིན་ཡེ་ཤེས། ཞི་བ་བཅས་མི་ལྔ་མ་གཏོགས་གཞན་རྣམས་གློད་གྲོལ་བཏང་ཡོད་འདུག མི་མང་གིས་མུ་མཐུད་ས་ཞིང་གི་གུན་གསབ་ལོ་གཉིས་མ་སྤྲད་པ་དེ་མི་མང་ལ་ངེས་པར་དུ་སྤྲོད་དགོས་པ་དང། ཉག་རོང་རྫོང་གི་མི་མང་རྣམས་ས་གནས་གཞན་དུ་སྤོ་དགོས་པའི་ལས་འཆར་དེ་མཚམས་འཇོག་དགོས་པ། གཏེར་ཁ་སྔོག་འདོན་སོགས་མི་ཆོག་པར་ཁོར་ཡུག་སྲུང་སྐྱོབ་ཚད་དང་ལྡན་པ་བྱེད་དགོས་པ། གོང་གསལ་གློད་གྲོལ་མ་བཏང་བའི་མི་ལྔ་པོ་དེ་རྣམས་འཕྲལ་དུ་གློད་གྲོལ་མ་བཏང་ན་སྲོག་ལ་ཐུག་ཀྱང་ཉག་རོང་མི་མང་ཚང་མས་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང།།
{jcomments on}