རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ལ་ཁྲིམས་ཆད།

དེ་ཡང་བློ་བཟང་མཁས་གྲུབ་ནི་ད་ལོའི་ཕྱི་ཟླ་ ༥ ཚེས་ ༤ ལ་དགོན་པ་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་བཀག་ཉར་བྱས་ཤིང་། ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཐོས་ལི་ཚང་ཞེས་པ་ཡིན་ལ། ཕ་མིང་ལ་ཐོས་ལི་ཟེར་བ་ཡིན། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་བསྡུས་རྟགས་ནས་གཞུང་ཆེན་མོ་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་ལ་སློབ་སྦྱོང་མཐར་ཕྱིན་པཞིང་དེང་སྐབས་འཛིན་གྲྭ་མཛོད་གསར་པ་ཡིན་འདུག་ཅིང་། ཁོང་གིས་སློབ་སྦྱོང་གི་ཞོར་དུ་འཛིན་གྲྭ་འོག་མ་རྣམས་ལ་དཔེ་ཁྲིད་ཀྱང་གནང་གི་ཡོད་འདུག

བློ་བཟང་རྒྱ་མཚོའི་ཕ་ཡུལ་རྔ་པ་རྫོང་ཕྱུགས་ལས་གོང་མ་ཡིན་ཞིང་། ཁོང་གི་ཕ་མིང་རྒྱ་སྐྱབས་ཟེར། ཁོང་ཕྱི་ཟླ་ ༥ ཚེས་ ༩ ཉིན་འཛིན་བཟུང་བྱས་པ་ཡིན་འདུག། ཁོང་གཉིས་འཛིན་བཟུང་བྱས་པ་དང། མོའུན་རྫོང་ལ་ཡོད་པའི་གནས་ཚུལ་ཙམ་རེ་གོ་བ་ལས་སུ་གང་གིས་གསལ་པོ་ཤེས་རྟོགས་མ་ཐུབ་ཅིང། ཁྲིམས་ཐག་གཅོད་སྐབས་ནག་ཉེས་ཀྱང་འདི་རེད་ཅེས་གསལ་པོ་ཤེས་རྟོགས་མ་ཐུབ་ཀྱང་། ཁོང་གཉིས་ཐོག་མར་འཛིན་བཟུང་བྱེད་དོན། དེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་དགོན་པའི་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱེད་རྒྱུ་ཡིན་པའི་གནས་ཚུལ་གོ་སྐབས་ཁོང་གཉིས་གྲྭ་པ་མང་པོ་ཞིག་དགོན་པའི་འདུ་ཁང་མདུན་དུ་འཛོམས་ནས་གྲྭ་པ་རྣམས་འཛིན་བཟུང་བྱེད་མི་ཆོག་པའི་རེ་འདུན་བཏོན་པ་དང། འཛིན་བཟུང་བྱེད་དགོས་ན་ང་ཚོ་ཚང་མ་བཟུངས་ཟེར་ནས་བཀག་འགོག་བྱས་པ་དེས་རྐྱེན་གྱིས་ཡིན་འདུག ཁོང་གཉིས་དེང་སྐབས་སི་ཁྲིན་གྱི་མེན་ཡངས་ཞེས་པའི་ས་གནས་སུ་བཙོན་འཇུག་བྱས་ཡོད་འདུག ། གནས་ཚུལ་མཁོ་གཏོང་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༩ ལ།