ལྕམ་ཧི་ལེ་རིས་རྒྱ་གར་ནང་འཚམས་གཟིགས།
ད་ཐེངས་ཀྱི་གཟིགས་སྐོར་འདིའི་སྐབས་ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་དེ་སྔར་ལས་དམ་ཟབ་དུ་གཏང་རྒྱུ་ཡིན་པ་དང། ལུང་པ་ཕན་ཚུན་གཉིས་ལ་ཕྲད་བཞིན་པའི་རྒྱལ་སྲུང་དང་འཇིགས་སྐུལ་ོཔར་འཐབ་རྒོལ་དང། འགོག་རྒོལ་བྱེད་ཐབས་སུ་གྲོས་མོལ་བྱས་ཡོད་པ་རེད། གྲོས་མོལ་གྱི་ནང་དོན་དུ་ཨབ་གྷ་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་དང་འབྲེལ་བའི་གནད་དོན་ཁག་གཙོ་བོ་ཡིན་པ་དང། དེ་བཞིན་དཔལ་འབྱོར་དང་འཚོང་འབྲེལ་བཅས་ཀྱི་ཐོག་ཏུ་ཡང་གྲོས་མོལ་གནང་ཡོད་པ་རེད།
རྗེས་སུ་ཧི་ལེ་རི་དང་རྒྱ་གར་གི་ཕྱི་སྲིད་བློན་ཆེན་ཀྲིཥ་ཎ་རྣམ་གཉིས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས། ལྕམ་ཧི་ལེ་རིས་བརྗོད་དོན། ༢༠༠༨ ལོར་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་ནང་མི་གསོད་ཁྲག་སྦྱོར་ལ་མཐུན་འགྱུར་བྱེད་མཁན་གྱི་ནག་ཉེས་ཅན་རྣམས་ལ་པཱ་ཀི་སི་ཐན་གྱིས་ངེས་པར་ཁྲིམས་ཆད་གཏོང་དགོས་པ་དང། ཕྱིན་ཆད་འཇིགས་སྐུལ་པ་གང་རུང་ལ་རང་དབང་དང་ཐོངས་མཆན་སྤྲད་མི་ཉེན་པའི་ཉེན་བརྡ་བཏང་ཡོད་པ་རེད།
དེ་རྗེས་རྒྱ་གར་ཕྱི་སྲིད་བློན་ཆེན་ཀྲིཥ་ཎས་བརྗོད་དོན། ཨབ་གྷ་ནི་སི་ཐན་ནས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱེད་པ་དེས་ཏ་ལི་བྷན་དྲག་སྤྱོད་ཚོགས་པ་སླར་གསོ་བྱ་རྒྱུར་གོ་སྐབས་སྤྲད་པར་བརྟེན། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དམག་མི་རྣམས་ཕྱིར་འཐེན་མ་བྱས་པར། ཁུལ་དེར་མུ་མཐུད་སྡོད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་རེད། ད་ཐེངས་ལྕམ་ཧི་ལེ་རི་ཕྱི་ཕྱོགས་སུ་གཟིགས་སྐོར་ཕེབས་པ་དེ་ནི་རྒྱལ་ཁབ་ལྔའི་ནང་དུ་ཉིན་གྲངས་བཅུ་གཉིས་རིང་གི་འཚམས་གཟིགས་ཡིན་ཞིང། རྒྱ་གར་དུ་མ་ཕེབས་གོང་དུ་ཏུར་ཀི་དང་གྷིི་རི་སི་ནང་དུ་ཕེབས་ཡོད་པ་དང། རྗེས་སུ་ཨིན་ཌོ་ནེ་ཤི་ཡ་དང། ཧོང་ཀོང། རྒྱ་ནག་ལྷོ་ཁུལ་བཅས་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།།