བཙན་བྱོལ་བོད་གཞུང་གི་མིང་བསྐྱར་དུ་བརྗེ་པོ་རྒྱག་རྩིས་ཡོད།
ཟླ་འདིའི་ཚེས་༢༠ ནས་༢༢ བར་ཉིན་གསུམ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་“འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་འཕེལ་རིམ་”སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་འཚོགས་ཡོད་པ་དང་། ཟབ་ཁྲིད་གནང་མཁན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ། དེ་བཞིན་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་དང་། འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་བཅས་ཀྱིས་རིམ་པས་ཟབ་ཁྲིད་ཉིན་གསུམ་རིང་གནང་སོང་ལ། དེ་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། དེ་བཞིན་རྒྱལ་སྤྱིའི་མང་གཙོའི་འཕེལ་རིམ་དང་ལྷག་པར་དུ་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་བཅས་ཀྱི་སྐོར་དང་། གཞན་ཡང་བོད་རྒྱ་འབྲེལ་མོལ་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབས་སོགས་ཀྱི་སྐོར་ཟབ་ཁྲིད་གནང་ཡོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་དབུས་སུ་ཡོད་པའི་བོད་མིའི་གཞིས་སྒར་སྨན་སྤར་ཕན་བདེ་གླིང་དང་། ཨོ་རི་ས་ཕུན་ཚོགས་གླིང་། བྷ་རྡ་ར་ནོར་རྒྱས་གླིང་། དེ་བཞིན་ལྷོ་གཞིས་ཁག་ལྔའི་ནང་ཚུན་ཡོད་པའི་སྦེལ་ཀོབ་ལུགས་བདེ་གཉིས་དང་། ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷར་དོན་ལྡན་གླིང་། མོན་གྷོ་འདོད་རྒུ་གླིང་བཅས་ཀྱི་ས་གནས་འཐུས་ཚོགས་ཀྱི་འཐུས་མིདང་། རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ལྷབ་དང་བུད་མེད། དགོན་སྡེ་ཁག་གི་ལས་སྣེ་བ་རྣམ་པ་བཅས་ཁྱོན་བསྡོམས་མི་གྲངས་༦༥ ཙམ་ཟབ་སྦྱོང་ནང་མཉམ་ཞུགས་བྱས་ཡོད་པ་རེད།
གཞན་ཡང་ཟབ་ཁྲིད་ཉིན་གཉིས་པའི་ཞོགས་པ་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་གཞིས་གྲོང་ཁག་དགུའི་མི་མང་བསྡུ་བསྐོང་ཐོག་སྤྱི་འཐུས་ཙོགས་གཙོ་སྤེན་པ་ཚེ་རིང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་གཉིས་ཕེབས་ནས་ད་ལོའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཕོ་འགྱུར་དང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་རིམ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་འཕོ་འགྱུར་སྟེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ནས་གང་ཉིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གི་འདེམས་ཐོན་བྱུང་བའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་སྐོར་སོགས་དང། དེ་འབྲེལ་གྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ནང་ཐ་སྙད་ཙམ་མ་གཏོགས་དོན་ལ་འགྱུར་བ་གང་ཡང་སོང་མེད་སྐོར། ཚིགས་དོན་གཉིས་ལས་དོན་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་དང་། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་རིམ་ནང་༧གོང་ས་མཆོག་ལ་གསོལ་འདེབས་གྲོས་ཚོགས་ཀྱི་གཙོས་དབུས་ས་གཉིས་ནས་ཡང་ཡང་ཞུས་ཀྱང་ཞལ་བཞེས་མ་ཐོབ་མ་ཟད་བཀའ་ལྕི་ཟློག་མེད་ཕེབས་ལུགས་བཅས་ཀྱི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། “བཙན་བྱོལ་བོད་གཞུང་ཟེར་བའི་ཚབ་ལ་༧གོང་ས་མཆོག་གི་ཐུགས་འདུན་བཞིན་བོད་མིའི་སྒྲིག་འཛུགས་ཞེས་མིང་བཏགས་ཡོད་པ་རེད་དེ། ཉེ་བའི་ཆར་ཕྱི་ཟླ་ལྔ་བའི་ནང་༧གོང་ས་མཆོག་ཕྱི་རྒྱལ་ནས་དྷ་སར་ཆིབས་བསྒྱུར་གནང་བའི་སྐབས། ང་དང་བཀའ་བློན་ཁྲི་པ། འདེམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་བཅསངེད་གསུམ་པོ་ཕེབས་བསུ་ལ་བཅར་བའི་སྐབས་ང་ཚོ་གསུམ་སྐད་ཆ་ཀྱིས་སྐད་ཆ་བཤད་པ་ཡིན། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཞོན་དང་བཅའ་ཁྲིམས་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་དང་སྤྱི་འཐུས་རྒྱུན་ལས་བཅས་ལ་གོ་བསྡུར་ཞུས་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་ནས་མིང་བཏག་འཆར་ཡོད་ལ། དེ་ནི་ཕྱི་ནང་གཉིས་ཀྱི་ཁྲིམས་དང་སྒྲིག་གཞི་གང་དང་མི་འགལ་བའི་འབྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་རེད་ལ། མང་ཚོགས་ནང་བསམ་ཚུལ་ཡོད་པའི་གཞུང་གི་ཐ་སྙད་དེ་ཡང་ཚུད་ཡོད་པ་བཅས་ཀྱི་དགེ་མཚན་ཆེན་པོ་ཡོད་པ་རེད་”ཅེས་གསུངས་སོང་།
མོན་གྷོ་གསར་འགོད་པས།