སེམས་ཁོང་གི་ཁུག་རྟ།
བྱ་ཁུ་བྱུག་རང་བྱུང་ཕོ་ཉ་རེད།།
ནགས་ཚ་ཚིང་གསེང་ནས་མཇལ་ཁ་ཞུ།།
གྲོགས་གཞིར་གཞུགས་བོད་རིགས་སྤུན་ཟླ་ཚོར།།
རྗེ་བླ་མའི་སྐུ་ཚེ་བརྟན་རབས་ཤོད།།
སྦྲང་ཆར་བ་གྲོགས་ཀྱི་ཕོ་ཉ་རེད།།
དཔྱིད་ཚ་བའི་དུས་དེར་ཐུག་འཕྲད་བྱ།།
གནས་རང་ཡུལ་འཚོ་སྡོད་སྤུན་ཟླ་ཚོར།།
ངེད་སྐྱབས་བཅོལ་བོད་མིའི་སྨོན་ཚིག་ཤོད།།
དགུང་ཉི་ཟླ་ཨ་མའི་ཕོ་ཉ་རེད།།
ཤར་བྲག་རིའི་རྩེ་ནས་ཕེབས་བསུ་ཞུ།།
ང་མི་ཡུལ་ས་མཐའ་འགྲིམས་པའི་ཚེ།།
ལས་བསམ་དོན་འགྲུབ་པར་སྨོན་རོགས་ཞུས།།
བྱ་རྒོད་པོ་ཨ་ཕའི་ཕོ་ཉ་རེད།།
ཤར་རྡོ་རྗེ་བྲག་ཏུ་མཇལ་བར་ཡོང་།།
ང་མི་ཡུལ་འཁྱམ་པའི་ལོ་འགའི་ནང་།།
ཁོང་སྐུ་ཚེ་བརྟན་པའི་སྨོན་འདུན་ཁྱེར།།
ཉ་གསེར་ཉ་བྱམས་པའི་ཕོ་ཉ་རེད།།
ཆུ་དྭངས་མོའི་འགྲམ་ནས་ཐུག་འཕྲད་ཞུ།།
ཆུང་བྱིས་པ་རང་ཡུལ་གནས་སྡོད་ཚོར།།
དགོས་རིག་གནས་སྦྱང་རྒྱུ་མ་བརྗེད་སྨོས།།
རླུང་བསིལ་མོ་རྩ་ཐང་ཕོ་ཉ་རེད།།
འབྲོག་རྩ་ཐང་ཡངས་པ་ཆེན་པོ་དེར།།
སྤུན་ས་མཐའ་འགྲིམས་པའི་དུས་ཡུན་རིང་།།
སྐུ་བགྲེས་སྔ་མ་བྱེད་བཞུགས་རོགས་ཞུས།།
འབྲི་མཛོ་མོ་ཁ་བའི་རྒྱན་ཆ་རེད།།
འབྲོག་རྩ་ཐང་ཆེན་པོའི་བདག་མོ་ཚོར།།
ངེད་མི་ཡུལ་རྒྱལ་ཁམས་འགྲིམས་ཡུན་རིང་།།
མཇུག་མ་རྫོགས་རིགས་བརྒྱུད་དར་སྤེལ་བྱོས།།