ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་གཞི་རྩའི་ལྟ་གྲུབ་ཡིན།
དེ་ཡང་ཨ་རིའི་སྲིད་གཞུང་གིས་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་ཐོག་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་དེ་ཡུན་རིན་ནས་འཆང་བཞིན་ཡོད་པ་དང། ཆོས་དད་རང་དབང་ལ་སྲུང་བརྩི་ཞུ་རྒྱུ་དེ་ང་ཚོས་བྱུང་རབས་ལོ་རྒྱུས་ཐོག་ཉམས་མྱོང་བསགས་ཏེ་རིན་ཐང་དེ་དག་ལ་གཞི་བཅོལ་བའི་ཐོག་ཨ་རིའི་རྒྱལ་ཁབ་འདི་ཆགས་ཡོད། ཆོས་དད་རང་དབང་ནི་འགྲོ་བ་མི་སྤྱི་ལ་དབང་བའི་ཐོབ་ཐང་ཞིག་ཡིན་པར་བརྟེན། འཛམ་གླིང་ཁྱོན་ཡོངས་སུ་སྲུང་བརྩི་ཞུ་དགོས། དམིགས་ཡུལ་འདི་དོན་འཁྱོལ་ཡོང་སླད་ཨ་རིའི་སྲིད་གཞུང་གིས་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་མུས་ཡིན།
ཕྱི་ཟླ་ ༧ ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཁི་ལིན་ཊོན་རྣམ་གཉིས་ཀྱིས་འཛམ་གླིང་གི་དབུ་ཁྲིད་འདྲ་མིན་དང་ལྷན་དུ་མཇལ་འཕྲད་གནང་སྟེ། ཨ་རིའི་སྲིད་གཞུང་གིས་ཆོས་དད་རང་དབང་ཐོག་འཛིན་པའི་ཆོད་སེམས་གསལ་སྟོན་གནང་ཡོད། ལྕམ་སྐུ་ཧི་ལ་རི་ཁི་ལིན་ཊོན་མཆོག་གིས་ཊར་ཀིའི་རྒྱལ་ས་རུ་ཡེ་ཤུའི་ཆོས་སྡེ་ཡོངས་རྫོགས་ཀྱི་དབུ་ཁྲིད་སྐུ་ཞབས་བྷར་ཐོ་ལོ་མིའོ་དང་། ཨ་རི་ནས་ཡིན་པ་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་མི་ཊི་རི་ཡོ་ ཊར་ཀ་ཊེ་ལི་སི། དེ་བཞིན་ཡེ་ཤུའི་ཆོས་ལུགས་ཀྱི་ཡབ་ཆེན་སྐུ་ཞབས་ཨེ་ལེཀ་སི་དེན་ཌར་ཀར་ལོ་བཅས་དང་མཇལ་འཕྲད་གནང་ཡོད།
ཕྱོགས་མཚུངས་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་ཕོ་བྲང་དཀར་པོའི་ནང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་ཆེད་ཨ་རིའི་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་དེ་ཆོད་སེམས་བརྟན་པོས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་སྐོར་ཞུས་ཡོད་ཅེས་འཁོད་ཡོད་པའི་གནས་ཚུལ་སྤེལ་འདུག །