ནོར་ཝེ་ནང་འབར་རྫས་གཏོར་རྒོལ་དང་མི་༩༢ དམར་གསོད།

ཡང་དེ་རྗེས་ཚོུད་ ༤་༥༢ ཙམ་ལ་རྒྱལ་ས་ཨོ་སོ་ལོ་ནས་ཀི་ལོ་མི་ཊར་ ༤༠ སར་ཡོད་པའི་ཡུ་ཏོ་ཡ་ཞེས་པའི་མཚོ་གླིང་དུ་ནོར་ཝེའི་དམར་ཤོག་ངལ་རྩོལ་སྲིད་དོན་ཚོགས་པའི་ན་གཞོན་རྣམས་ཀྱིས་གླིང་ཁ་བཏང་སྟེ། སྲིད་བློན་མཆོག་གིས་དེར་གསུང་བཤད་ཞིག་གནང་རྒྱུ་ཡིན་པར་བསྒུག་ནས་སྡོད་པའི་སྐབས། སྐོར་སྲུང་བའི་གྱོན་ཆས་སུ་གོ་མཚོན་ཐོགས་པའི་མི་ཞིག་དེར་ཡོང་སྟེ་ན་གཞོན་ཚོའི་ཐོག་མེ་མདའ་སྐར་མ་ ༩༠ ཙམ་ལ་བརྒྱབ་རྐྱེན། ན་གཞོན་ ༨༦ དམར་བསོད་བཏང་ཡོད་འདུག

རྗེས་སུ་སྐོར་སྲུང་བས་ལག་དམར་བ་དེ་འཛིན་བཟུང་བྱས་པ་དང་ཁོ་པའི་མིང་ལ་ཨེན་ཌར་ས་བྰེ་ཧ་རིང་བི་རི་ཝིཀ་དང་རང་ལོ་ ༣༢ སོན་པའི་སྐྱེས་པ་དར་མ་ཞིག་ཡིན་པ་ཤེས་རྟོག་བྱུང་ཡོད་ཅིང།  རྒྱལ་ས་ཨོ་སོ་ལོའི་ནང་དུ་འབར་རྫས་གཏོར་རྒོལ་བྱེད་མི་ཡང་ཁོ་པ་ཡིན་པ་ཤེས་རྟོག་བྱུང་ཡོད་འདུག

ཐོག་མའི་སྐབས་སུ་འབར་རྫས་གཏོར་རྒོལ་དང་མི་བསོད་ཁྲག་སྦྱོར་བྱས་པའི་རྒྱབ་ཏུ་ཨལ་ཁེ་དྷ་འཇིགས་སྐུལ་ཚོགས་པ་ཡོད་པར་དོགས་གཞི་ཆེན་པོ་བྱུང་ཡོད་པ་རེད།  ཡིན་ནའང་ལག་དམར་བ་དེ་འཛིན་བཟུང་བྱས་པའི་རྗེས་ཁོ་པའི་ལོ་རྒྱུས་ལ་རིམ་པས་རྟོག་ཞིབ་བྱས་པ་དང།  ཁོ་པ་གཡས་ཕྱོགས་པ་སྟེ་ལྟ་བ་རྙིང་པ་མཁྲེགས་བཟུང་བྱེད་མཁན་གྱི་དྲག་སྤྱོད་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་འདུག

ལག་དམར་བ་དེས་མི་གསོད་ཁྲག་སྦྱོར་བྱེད་དགོས་དོན་དེ་ཡང་ཁོ་པ་ཉིད་ཀྱིས་བཤད་པར་གཞིགས་ན།  ཡུ་རོབ་གླིང་ཆེན་དུ་ཁ་ཆེ་མི་རིགས་ཚོར་གཏན་སྡོད་ཆོག་པའི་དམིགས་གསལ་ཐོངས་མཆན་སྤྲད་དེ་ཡུ་རོབ་གྱི་གནའ་བོའི་རིག་གཞུང་དང་གོམས་སྲོལ་བཅས་པ་རྩ་མེད་དུ་བཏང་ཉེན་བརྟེན།  ཁ་ཆེ་བ་ཚོར་དམིགས་གསལ་སྤྲོད་མཁན་དམར་ཤོག་སྲིད་དོན་ཚོགས་པ་གཙོས་བོར་བྱས་པའི་རྒོལ་ལན་གྱི་དམག་འཐབ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག  གནས་ཚུལ་དེ་ལ་བརྟེན་ནས་ཡུ་རོབ་ནང་དུ་ཡོད་པའི་ཁ་ཆེ་བ་ཚོས་ཁོང་ཚོའི་ལྟེ་གནས་ཁག་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་འདུག །