ང་ཚོའི་ས་མ་འབྲོག་གི་འཚོ་བ་སྐྱིད།

ལྷ་ཡུལ་ས་ལ་བབས་འདྲའི་སྨན་ལྗོངས་དེར།།

མངར་མངར་ཡུང་མའི་ལོ་མ་དབྱིངས་སུ་འཕྱོ།།

ཞིམ་ཞིམ་སྙེ་མའི་ལང་མཚོ་རབ་རྒྱས་ཞིང་།།

ཞིང་འབྲས་སྣ་ཚོགས་འཛོམས་པའི་ཞིང་ཁ་བཟང་།།

 


དཀར་དཀར་དཀར་ཟས་སྤྱོད་པའི་འབྲོག་ས་རུ།།

བཞོ་ཟོར་དར་དཀར་འོ་མས་རབ་ཁེངས་ཤིང་།།

ཁ་འཇམ་རོ་ལྡན་མར་གྱིས་མར་སྒམ་མཛེས།།

ཞིམ་ཞིམ་འབྲི་ཞོར་སྤྱོད་དུས་སེམས་པ་སྤྲོ།།


དགའ་དགའ་དགའ་སྐྱིད་འཛོམས་པའི་ས་མ་འབྲོག།

དགུན་དུས་རོ་ལྡན་ཟས་ལ་ལྷོད་པོར་རོལ།།

དབྱར་དུས་ལས་སྣ་མང་ཡང་སྣང་བ་སྤྲོ།།

མདོར་ན་དགའ་སྐྱིད་སྤྲོ་གསུམ་གནས་དེར་འཛོམས།།