ཀརྟི་དགོན་པའི་གྲྭ་དོན་ཡོད་རྡོ་རྗེ་ལ་ཁྲིམས་ཆད།
ཁོང་ལ་ས་གནས་གང་ཞིག་གི་ཁྲིམས་ཁང་ནས་ཇི་ལྟར་ཁྲིམས་ཐག་བཅད་པ་དང། དུས་ཚོད་ནམ་ཞིག་ཡིན་སོགས་ཤེས་རྟོགས་མ་ཐུབ་མེད་པ་རེད།
ཁོང་འདི་ལོའི་ཕྱི་ཟླ་༤ ཚེས་༨ ཉིན་དགོན་པའི་ནང་ནས་འཛིན་བཟུང་བྱས་རྗེས། ཡུན་རིང་པོར་གར་ཡོད་དང་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་ཚོས་ཤེས་རྟོགས་མ་ཐུབ་ལྷག་འདུག ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་བའི་དཔལ་ཁོ་ཚང་ཞེས་པ་ནས་ཡིན་པ་དང། ཕ་མིང་ལ་དཔལ་ཁོ་ཟེར། ཁོང་ཆུང་དུས་ནས་ཀིརྟི་དགོན་པར་གྲྭ་པ་བྱས་པ་ཞིག་ཡིན་འདུག
གཞན་ཡང་ཕོ་གསར་གསུམ་ལ་ཁྲིམས་ཐག་བཅད་དེ་མེན་ཡངས་སུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་ཐུབ་མ་སོང་།
དེང་སྐབས་རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་གཞན་གྱི་ལས་བྱེད་པ་སུམ་བརྒྱ་ཙམ་ཉིན་མཚན་གཉིས་ཀར་ཀིརྟི་དགོན་པའི་ནང་བསྡད་ཡོད་པ་དང། དེའི་སྟེང་དུ་རྔ་པ་རྫོང་ཁོངས་ཀྱི་ལས་བྱེད་པ་སུམ་བརྒྱ་ལྷག་བཅས་ཀྱིས་ཉིན་རྟག་པར་ཀིརྟི་དགོན་པའི་གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་ཡོད་ཅིང་། དགོན་པའི་ཕྱི་ནང་གཉིས་ཀར་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་ཀྱི་ལྟ་རྟོགས་འོག་གནས་མུས་ཡིན་འདུག དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་གི་རང་དབང་དང། བྱེད་སྒོ་ཆེ་ཕྲ་ཚང་མ་བཙན་དབང་གིས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་འདུག །
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༦ ལ།
{jcomments on}