འབྲུག་གི་སྐྱབས་བཅོལ་བ་༤༩༠༠༠ ཙམ་གནས་སྤོར་བྱས་ཟིན་འདུག

ཡིག་ཆ་གཞིར་བཟུང་བྱས་ན། དེ་དག་གི་ཁོངས་ནས་མི་གྲངས་ ༤༠༩༧༡ ཙམ་ཨ་མི་རི་ཀའི་མངའ་སྡེ་ཁག་འདྲ་མིན་དང་། གཞན་མི་གྲངས་ ༣༢༡༥ ཙམ་ཁ་ན་ཊ། མི་གྲངས་ ༢༧༢༠ ཨོ་སུ་ཁྲུ་ལེ་ཡ། མི་གྲངས་ ༥༦༣ ནོའུ་ཛེ་ལན་ཀྲུ། མི་གྲངས ༤༨༣ ཊན་མཱར་ཁུ། མི་གྲངས་ ༣༧༢ ནོར་ཝེ། མི་གྲངས་ ༢༢༨ ནེ་དྷར་ལན་ཀྲུ། མི་གྲངས་ ༡༡༡ དབྱིན་ཡུལ་བཅས་སུ་སྐྱབས་བཅོལ་གནས་སྤོར་བྱས་ཟིན་ཡོད་འདུག།

འོན་ཀྱང་ད་དུང་མུ་མཐུད་བལ་ཡུལ་མཐའ་མཚམས་རྒྱ་པཱ་དང་། མོའོ་རིང་ས་ཁུལ་ལ་ཡོད་པའི་འབྲུག་པ་སྐྱབས་བཅོལ་བའི་སྡོད་སྒར་ཁག་དྲུག་ཙམ་ཡོད་པ་དེར། བཅོལ་བ་ ༦༤༣༡༡ ཙམ་གནས་མུས་ཡིན་པ་དང་། ཁོང་ཚོ་ཡང་རིམ་པས་སྐྱབས་བཅོལ་གནས་སྤོར་ལ་གཏོང་འཆར་ཡོད་པར། རོབ་རྩིས་ལྟར་ན་ཕྱི་ལོ་ ༢༠༡༥ བར་སྐྱབས་བཅོལ་བའི་སྡོད་སྒར་ཁག་ལ་སྐྱབས་བཅོལ་བ་ ༡༠༠༠༠ གཅིག་ཙམ་ལས་ལྷག་རྒྱུ་མིན་པ་རེད་འདུག།

འབྲུག་པ་སྐྱབས་བཅོལ་བ་དེ་དག་ནི་མི་རིགས་བལ་པོ་ཡིན་པ་དང་བལ་བོའི་སྐད་བེད་སྤྱོད་བྱས་ནས་ཡུན་རིང་འབྲུག་རྒྱལ་ནང་དུ་གནས་སྡོད་འཚོ་གནས་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་དགུ་ཅུ་གོ་གྲངས་ནང་འབྲུག་རྒྱལ་གཞུང་གིས་འབྲུག་ཡུལ་རྒྱལ་ཁབ་དེ་ནང་པའི་རྒྱལ་ཁབ་གཙང་མར་བསྒྱུར་རྒྱུར་དམིགས་ནས། འབྲུག་ཡུལ་ནང་གི་སྤྱི་འབངས་ཚང་མས་འབྲུག་པའི་སྲོལ་རྒྱུན་ཆས་གོས་གྱོན་དགོས་པ་དང་། འབྲུག་གི་རྫོང་ཁ་སྐད་ཡིག་བེད་སྤྱོད་བྱེད་དགོས་པ་གཏན་འབེབས་ལག་བསྟར་བྱས་པ་དང་མཉམ། ཧིན་རྡུའི་ཆོས་ལུགས་རྗེས་འབྲངས་པ་གཙོ་བོ་ཡིན་པས་བལ་པོའི་སྐད་དང་ཡི་གེ་བེད་སྤྱོད་བྱེད་མཁན་ཚོར་དམ་དྲག་ནན་མོའི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། འབྲུག་པའི་མི་སེར་ཡིན་པ་མི་གྲངས་འབུམ་གཅིག་ལྷག་རིམ་པས་བལ་ཡུལ་རྒྱལ་ནང་དུ་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་ཡོད་པ་རེད། ཁོང་ཚོ་འབྲུག་གཞུང་གིས་འབྲུག་ཡུལ་ནང་ཁྲིམས་འགལ་ཐོག་གནས་སྡོད་བྱེད་མཁན་བལ་ཡུལ་གྱི་མི་སེར་ཡིན་པའི་སྐྱོན་བརྗོད་བྱེད་པ་དང་སྐྱབས་བཅོལ་བ་ཚོས་ཁོང་ཚོ་འབྲུག་པའི་མི་སེར་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། རྗེས་སུ་གནད་དོན་ཇེ་ཆེར་སོང་བ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་ཀྱི་སྒྲིག་འཛུགས་འོག་བལ་ཡུལ་གྱི་མཐའ་མཚམས་ས་ཁུལ་དུ་སྐྱབས་བཅོལ་བའི་སྡོད་སྒར་བཙུགས་ནས། སྐྱབས་བཅོལ་བའི་གནས་སྟངས་འོག་མི་ལོ་བཅུ་དྲུག་ལྷག་སོང་ཡོད་ཀྱང། དེའི་རིང་ཁོང་ཚོའི་གནད་དོན་ཐད་རིམ་པས་བལ་ཡུལ་དང་འབྲུག་བཅས་ཡུལ་གྲུའི་བར་གྲོས་མོལ་ཐེངས་བཅོ་ལྔ་ལྷག་བྱས་ཀྱང་། ཕན་འབྲས་གང་ཡང་མ་བྱུང་ཐོག ཕྱི་ལོ་༢༠༠༣ལོར་འབྲུག་གཞུང་གི་མཐོ་རིམ་ལས་བྱེད་ཅིག་ལ་སྐྱབས་བཅོལ་བ་ཚོས་གཅར་རྡུང་བྱེད་ཐབས་བྱས་པར་བརྟེན། དེ་ནས་བཟུང་འབྲུག་གཞུང་ཕྱོགས་ནས་སྐྱབས་བཅོལ་བའི་གནད་དོན་ཐད་གྲོས་མོལ་བྱེད་མཚམས་བཞག་ཡོད་པ་རེད།

རྗེས་སུ་ཁོང་ཚོའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་བརྒྱུད་ཕྱིའི་རྒྱལ་ཁབ་ཁག་གིས་དོ་སྣང་བྱས་ཏེ། ཕྱི་ལོ་ ༢༠༠༧ ལོ་ནས་ད་བར་སྐྱབས་བཅོལ་བ་མི་གྲངས་ཁྲི་བཞི་དགུ་སྟོང་ལ་ཉེ་བ་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་འདྲ་མིན་བརྒྱད་ཙམ་ནང་སྐྱབས་བཅོལ་གནས་སྤོར་བྱས་ཟིན་པ་དང་། ད་དུང་མུ་མཐུད་སྐྱབས་བཅོལ་བའི་སྡོད་སྒར་ཁག་ན་མི་གྲངས་ཁྲི་དྲུག་ལྷག་ཡོད་ཁོངས་ནས་ཁག་ཅིག་གིས་རྒྱལ་ཁབ་གསུམ་པ་ལ་སྐྱབས་བཅོལ་གནས་སྤོར་བྱེད་འདོད་མེད་པར། མུ་མཐུད་འཐབ་རྩོད་ཀྱིས་འབྲུག་ལ་ལོག་འདོད་བྱེད་མཁན་ཡང་ཡོད་པ་རེད་འདུག།།
བལ་ཡུལ་གསར་འགོད་པས།