བོད་མི་བཅུ་གཉིས་འཛིན་བཟུང།

དེ་ཡང་བོད་མདོ་ཁམས་ཆབ་མདོ་ཚ་བ་མཛོ་སྒང་རྫོང་ཀེ་ཐོ་ཤང་གི་ས་གནས་ཁག་ཅིག་ནས་ས་གནས་ཡུལ་མི་ཚོས་རྩ་ཆེའི་གནས་རི་ལ་རྩི་བཞིན་པའི་གནས་རི་ཡིན་མིན་དང་་་་དེ་བཞིན་ས་གནས་ཡུལ་མི་ཚོའི་འདོད་པ་མཐུན་མིན་སོག་ལ་མ་ལྟོས་པར་གཏེར་ཁའི་རིག་འདྲ་མིན་སྔོག་འདོན་བྱེད་པས

ཡུལ་མི་ཚོས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་གཏེར་ཁ་བཏོན་ན་ས་བཅུད་ཉམ་པ་སོགས་མ་འོངས་པར་མི་རྒྱུ་གཉིས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་བཤད་པ་མ་ཟད། ལྷག་པར་ས་གནས་ཡུལ་མི་ཚོས་མི་རབས་ནས་མི་རབས་བར་རྩ་ཆེན་ལ་བརྩི་བཞིན་པའི་གནས་རི་ཁག་ནས་གཏེར་ཁ་སྔོག་འདོན་བྱེད་པ་ནི་ས་གནས་ཡུལ་མི་ལ་མཐོང་ཆུང་བརྙས་བཅོས་ཡིན་པས། ས་གནས་བོད་མིའི་འདོད་བློ་དང་ཡོངས་སུ་མ་མཐུན་པ་ཡིན་པས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་ལས་གཞི་ཁག་བཀག་འགོག་བྱེད་ཐབས་བྱས་ཡོད་ཀྱང་ནུས་པ་མ་ཐོན་པར་བརྟེན།

ས་ཁུལ་དེ་རུ་ཆགས་ཡོད་པའི་གྲོང་ཚོ་གསུམ་གྱི་འཐུས་མི་བོད་མི་རྒན་རབ་པ་ལྷ་བཟང་དང་། བཀྲ་ཤིས་རྣམ་རྒྱལ། འཇམ་དབྱངས་འཕྲིན་ལས་བཅས་འཐུས་མི་གསུམ་མཛོ་སྒང་རྫོང་ས་གནས་རྒྱ་ནག་འབྲིང་རིམ་ཚན་པ་ལ་ཞུ་གཏུག་བྱས་ཡོད་ཀྱང་། འབྲིང་རིམ་ཚན་པས་དེ་ཙམ་གྱི་ཡ་ལན་བདག་སྤྲོད་མ་བྱས་ཙང་ནུས་པ་ཐོན་མེད་པ་རེད།

དེ་རྗེས་ཁོང་གསུམ་པོས་མུ་མཐུད་སྙིང་སྟོབས་ཆེན་པོས། བོད་ཀྱི་གྲོང་ཁྱེར་ལྷ་སར་སོང་དེ་ བོད་རང་སྐྱོང་ལྗོངས་ཟེར་བར་ས་གནས་སྲིད་གཞུང་ལ་ས་གནས་ཀྱི་གནས་སྟངས་ཞུས་པ་དང་མཉམ་དུ།

ས་གནས་ཁག་ནས་གཏེར་ཁ་འདྲ་མིན་སྔོག་འདོན་བྱེད་བཞིན་པའི་ལས་གཞི་དེ་མཚམས་འཇོག་བྱེད་ཡོང་པའི་འབོད་སྐུལ་དང་རིམ་པས་ཞུ་གཏུག་བྱས་ཡོད་ཀྱང། དེ་ལ་ཡང་ཕན་འབྲས་ཀྱི་ནུས་པ་གང་ཡང་མ་ཐོན་པ་མ་ཟད།

ཟླ་༧ ཚེས་༢ ཉིན་ཁོང་གསུམ་བོད་ཀྱི་གྲོང་ཁྱེར་ལྷ་ས་ནས་ས་གནས་རྒྱ་ནག་གི་འབྲིང་རིམ་ཚན་པས་གློ་བུར་དུ་འཛིན་བཟུང་བྱས་ཏེ། ས་གནས་མཛོ་སྒང་རྫོང་ཐོག་ཏུ་ཁྲིད་དེ་བཙོན་འཇུག་བྱས་ཡོད་པ་རེད།

དེ་ནས་རིམ་པས་ཉིན་ཤས་རྗེས་ས་གནས་བོད་མི་ཚེས་བཟང་དང་། དགའ་བཀྲ་ཤིས། བློ་གྲོས། བློ་བཟང་ཚུལ་ཁྲིམས།་དགེ་འདུན། འཇམ་དབྱངས་ཉི་མ། དགེ་བཤེས་ཉི་མ། བུ་བཀྲ་ཤིས་སོགས་ཁུལ་དེའི་གྲོང་ཚོ་གསུམ་ནས་བསྡོམ་པའི་མི་གྲངས་༡༢་འཛིན་བཟུང་བྱས་ཏེ་མཛོ་སྒང་རྫོང་དུ་ཁྲིད་དེ། ད་ལྟའི་ཆར་བཀག་ཉར་ཁང་དུ་ཡོད་པ་རེད་འདུག  ད་དུང་གྲོང་ཚོ་དེ་དག་གི་བོད་མི་མང་པོ་ཞིག་མཉམ་དུ་བཀག་ཉར་བྱས་ནས་འབྲིང་རིམ་ཚན་པས་ཆབ་སྲིད་བསམ་བློའི་སློབ་གསོ་རྒྱག་བཞིན་ཡོད་པ་རེད་ཅེས་ས་གནས་བོད་མི་ཞིག་གིས་འབྲེལ་བརྗོད་གནང་སོང་།