༧གོང་ས་མཆོག་ལ་གྲོས་མོལ་བྱ་རྒྱུར་ལྷག་བསམ་མི་འདུག་ཟེར།
Reuters གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། དུས་རྒྱུན་རྒྱ་ནག་གིས་བོད་ཐོག་དམ་བསྒྲགས་ཆེན་པོ་བྱེད་པ་དང། ཉེ་དུས་ནས་མཁྲེགས་བཟུང་གི་སྲིད་བྱུས་བཟུང་སྟེ་ལོ་རྗེས་མ་འགོ་ཁྲིད་ཚོ་བརྗེ་པོ་རྒྱག་རྒྱུ་ཡིན་པར་བརྟེན། གང་ཡོང་ཅི་ཐུབ་ཀྱིས་དེ་ལ་འགོག་རྐྱེན་མེད་པ་བཟོ་ཡི་ཡོད་པ་རེད། ལོ་རྗེས་མར་ད་ལྟའི་སྲིད་འཛིན་གཞོན་པ་ཞི་ཅེང་ཕེན་སྲིད་འཛིན་དུ་བསྐོ་རྒྱུ་ངེས་གཏན་ཁེལ་བ་དང་། ཁོང་ཉེ་ཆར་བོད་ནང་དུ་ལྟ་སྐོར་ལ་འགྲོ་སྐབས་ཀྱི་གཏམ་བཤད་ནང་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་པའི་རྣམ་པ་མཚོན་གྱི་ཡོད།
ཡང་རྒྱ་ནག་གི་ཉིན་རེ་གསར་ཤོག་དུ་བརྗོད་དོན། ཉེ་ཆར་༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་སྐབས་ཁོང་གིས་གསུང་བཤད་གནང་བ་ཁག་ལ་གཞིགས་ན། རྒྱ་ནག་གིས་གྲོས་མོལ་བྱ་རྒྱུར་ཆ་རྐྱེན་བཏོན་པ་རྣམས་ལ་ཁོང་ནས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་དང། ཁོང་གི་གསུང་བཤད་དེ་ཚོས་གསལ་བར་བྱས་པ་ཞིག་ནི་༧གོང་ས་མཆོག་གཙོས་བཙན་བྱོལ་བོད་མི་རྣམས་ཀྱི་ལངས་ཕྱོགས་དེ་རྒྱ་གཞུང་དང་ཡོངས་རྫོགས་རྒྱབ་འགལ་ཡིན་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། དུ་དུང་གསར་ཤོག་དེས་བརྗོད་དོན། ཁོང་ལ་གྲོས་མོལ་བྱེད་པར་ལྷག་བསམ་དང་དོ་སྣང་མེད་པ་རེད་ཅེས་དང། དོན་དངོས་ཐོག་གྲོས་མོལ་བྱེད་པའི་ལམ་དེ་ཁོང་གིས་བཀག་ཟིན་པ་རེད་ཅེས་བརྗོད་འདུག
རྒྱ་ནག་གིས་རྟག་ཏུ་༧གོང་ས་མཆོག་ལ་བོད་རང་བཙན་རྩོད་ལེན་བྱེད་པའི་མཚན་སྨད་བྱེད་པ་དང་བོད་ཀྱི་གནད་དོན་དེ་༧གོང་ས་མཆོག་སྐུ་སྒེར་གྱི་དོན་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡང་གསར་ཤོག་དེའི་ནང་༧གོང་ས་མཆོག་གི་གསུང་འཕྲིན་འགའ་ཤས་ལུང་འདྲེན་བྱས་ཏེ་ཁོང་གིས་བོད་རང་བཙན་རྩོད་ལེན་བྱེད་ཀྱི་ཡོད་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་བའི་དུས་ཡུན་དེ་རྫོགས་པར་བརྟེན་སྲིད་གཞུང་ནས་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་འདོན་གྱི་ཡོད་པ་རེད་ཅེས་ཧམ་རྫུན་བཤད་ཡོད་པ་རེད། མཐའ་མཇུག་ཏུ་སླབ་བྱ་རྒྱག་པའི་ཁུལ་དུ་རྒྱ་གཞུང་གིས་སྲིད་བྱུས་ལ་ནམ་ཡང་འགྱུར་བ་གཏོང་རྒྱུ་མིན་པར་བརྟེན། གལ་ཏེ་༧གོང་ས་མཆོག་གིས་ཆ་རྐྱེན་རྣམས་ལ་ངོས་ལེན་བྱས་ན་འགྲིག་འཇགས་ཡོང་གི་རེད་ཅེས་བརྗོད་ཡོད་པ་རེད།
སྔོན་མ་རྒྱ་ནག་གིས་བརྗོད་དོན་དུ་༡༩༧༨ ལོར་ཏུན་ཞའོ་ཕིང་གིས་ཆ་རྐྱེན་བཏོན་པ་དེའི་དུས་སྐབས་ཤོར་ཟིན་ཡོད་པ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་བར་ལམ་ནས་གོ་སྐབས་དེ་ད་དུང་ཡང་ཡོད་སྐོར་བརྗོད་དེ་བོད་མི་ཚོར་སླུ་བྲིད་ཁོ་ན་བྱེད་བའི་ངན་བྱུས་འཛིན་གྱི་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ད་བར་གྲོས་མོལ་དགུ་ཙམ་གནང་ཡོད་དང། དེའི་རིང་དུ་༧གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་སྐོར་ཞུས་ཡོད་པ་ལས་རང་བཙན་སྐོར་ནམ་ཡང་གསུངས་མེད་པ་རེད། ཡིན་ནའང་རྒྱ་གཞུང་གིས་རྟག་ཏུ་༧གོང་ས་མཆོག་གི་གནད་དོན་དེ་སྐུ་སྒེར་གྱི་དོན་དུ་རྩིས་ཏེ་བོད་འདི་ཁྱུར་མིད་གཏོང་བའི་རྩིས་རྒྱག་བཞིན་ཡོད་པ་རེད།།