རྒྱ་གར་དང་པཱ་ཀི་སི་ཐན་གཉིས་གྲོས་མོལ་འགོ་འཛུགས།
འཐབ་བྱུས་ཉམས་ཞིབ་ཚོས་བརྗོད་དོན་དུ། ཨབ་གྷ་ནི་སི་ཐན་ནས་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱས་རྗེས་ཁུལ་དེར་ཕུགས་བརྟན་ལྷིང་འཇགས་ཡོང་ཕྱིར་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་ཞི་འགྲིག་བྱ་རྒྱུ་དེ་ནི་གནད་དགག་ཆེན་པོ་ཡིན་པར་བརྟེན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་གནོན་ཤུགས་སྤྲད་པ་ལ་བརྟེན་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཟླ་འདིའི་ཚེས་ ༢༦ ཉིན་པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ལྕམ་ཧི་ན་རབ་བྰ་ནི་ཁར་མཆོག་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་པར་འབྱོར་ཡོད་པ་དང། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེམ་ཨེ་ས་ཀི་རི་ཤ་ན་མཆོག་དང་མཇལ་འཕྲད་གནང་སྟེ་གྲོས་མོལ་བྱས་པའི་ཕྱི་ཉིན་གསར་འགོད་ལྷན་ཚོགས་སུ་ཁོང་རྣམ་པ་གཉིས་ལྷན་ཞུགས་ཀྱིས་གྲོས་མོལ་ཡག་པོ་བྱུང་ཞེས་བརྗོད་ཡོད་པ་རེད།
ལོ་རྗེས་མར་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དྲུང་ཆེ་རྣམ་པ་དང་འབྲེལ་ཡོད་མཁས་དབང་ཁག་གདན་ཞུས་ཀྱིས་རྒྱ་གར་ཀ་ཤི་མི་རིའི་གནད་དོན་ཐད་ཕན་ཚུན་ཡིད་ཆེས་བློས་ཁེལ་ཐུབ་པའི་ཐབས་ལམ་འཛུགས་རྒྱུ་དང། ས་མཚམས་དབར་ཉིན་རེའི་ཚོང་འབྲེལ་བྱེད་ཡུན་དེ་རིང་དུ་གཏོང་རྒྱུ། གནས་ཆེན་ཁག་ལ་གནས་སྐོར་འགྲོ་རྒྱུ་བཅས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་པ་ཡང་གསལ་བསྒྲགས་བྱས་ཡོད་པ་རེད།
ད་ཐེངས་བློན་ཆེན་རྣམ་གཉིས་ཀྱི་གྲོས་མོལ་སྐབས་ཕན་ཚུན་ས་མཚམས་སུ་གནས་པའི་མི་སེར་ཚོར་ཟླ་དྲུག་རིང་ཐེངས་གསུམ་ཙམ་ཕར་ཚུར་འགྲོ་སྐྱོད་ཆོག་པའི་ཐོངས་ཆེན་ལག་ཁྱེར་སྤྲོད་རྒྱུར་གྲོས་འཆམ་བྱུང་ཡོད་པ་དང། ཀ་ཤི་མི་རིའི་གནད་དོན་དང་འཇིགས་སྐུལ་བ་ཚོར་འཐབ་རྒོལ་བྱེད་ཕྱོགས། དེ་སྔ་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་མི་གསོད་ཁྲག་སྦྱོར་བྱེད་མི་རྣམས་ལ་ཉེས་ཆད་གཏོང་ཕྱོགས། འགྲོ་བ་མིའི་གནད་དོན་སྐོར་དང། ཚོང་འབྲེལ་དང་དཔལ་འབྱོར་མཉམ་ལས། སཱར་ཁི་རིཀ་དང་སི་ཡ་ཅིན་ས་མཚམས་སྐོར། དེ་བཞིན་ཞི་བདེ་དང་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་གྲོས་མོལ་ལྷུག་པོ་བྱུང་ཡོད་འདུག ཕྱི་སྲིད་བློན་ཆེན་རྣམ་པ་གཉིས་ཀྱིས་ཁ་གཅིག་གྲགས་ཐོག་ནས་གྲོས་མོལ་ལ་འདོད་བློ་ཁེངས་སྐོར་སོང་ཞེས་བརྗོད་ཡོད་པ་རེད།།