ཁྱབ་བསྒྲགས་སྔོན་དང་ལས་དོན་རྗེས།

ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་བསྐྱར་བཅོས་གཏན་འབེབས་གནང་ཟིན་པའི་ལས་དོན་ཞིག་ཡིན་པ་དང་། ཟླ་བ་གསུམ་བཞི་རེའི་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མིང་འགྱུར་བ་གཏོང་དགོས་པ་ཞིག་ཡིན་མིན་ཡང་མི་ཤེས་ལ། གལ་སྲིད་ཡིན་པའི་དབང་དུ་བཏང་ན། སྔོན་མའི་ལས་དོན་ལ་གྲུབ་འབྲས་མ་བྱུང་བ་དང་མ་འགྲིག་པ། བརྟན་པོ་དང་ཚད་ལྡན་བྱུང་མེད་པ་ར་སྤྲོད་གསལ་པོ་བྱུང་བ་རེད།

དེ་ཡང་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་ཞིག་ཏུ་བརྗེ་རྒྱུ་ཡིན་སྐོར་གསུངས་འདུག་པ་དང་། མིང་དེ་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་གོ་དོན་ལ་ཟབ་ཁྱད་ག་རེ་ཡོད་མེད་ཀྱང་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་བཞིན་ཟླ་ཤས་སྔོན་ད་ལྟ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པའི་མིང་འདི་ལྟ་བུ་འདོགས་དགོས་པའི་རྒྱུ་མཚན་རྒྱབ་ལྗོངས་ཕན་ཐོགས་གང་དང་གང་ཡོད་པའི་འགྲེལ་བཤད་རྒྱུ་མཚན་མང་པོ་ཞིག་བཀའ་བློན་ཁྲི་པ་དང་སྤྱི་འཐུས་གཙོ་རྣམ་གཉིས་ཀྱིས་གནང་ཡོད། ཡང་ཟླ་བ་གསུམ་ཙམ་གྱི་རྗེས་སུ་སྔར་གྱི་འགྲིག་བསྡད་པ་དེ་ད་ལྟ་མ་འགྲིག་པ་ཞིག་ཏུ་ངོས་འཛིན་གནང་བ་དང། བོད་གཞུང་གི་ཁྲིམས་བཟོའི་ལས་དོན་ཡང་ཞིབ་ཚགས་དང་འཐུས་ཚང་མིན་པ་གསལ་སྟོན་བྱས་པ་ཞིག་རེད།

སྤྱིར་ལས་དོན་གང་ཡིན་ཡང་དུས་ནས་དུས་སུ་བསྐྱར་ཞིབ་ཡང་ཞིབ་བྱེད་དགོས་པ་དང་། གསར་གཏོད་དང་བསྒྱུར་བཅོས་ལ་བརྟེན་ནས་ཡར་རྒྱས་དང་ཞིབ་ཚགས་སུ་གཏོང་དགོས་པ་དེ་གལ་ཆེན་པོ་ཡིན་ཡང་། དེ་ཙམ་གྱི་ཁྱད་པར་ཆེན་པོ་མེད་པ་དང་། མི་མང་གི་སེམས་ནང་དུ་འཇགས་ཟིན་པའི་རིགས་ལ་ཡང་ཡང་བསྒྱུར་བཅོས་བཏང་ནས་ཕན་ཐོགས་ག་རེ་ཡོད་མེད་ཀྱང་བསམ་བློ་གཏོང་དགོས་པ་ཞིག་རེད། ལྷག་དོན་དུ་གནད་དོན་འདི་ཚོའི་རིགས། དབུ་ལ་བཞུགས་མཁན་ཁ་ཤས་ཤིག་གི་བསམ་ཚུལ་ཡིན་ཚུལ་དང་། དེ་ཡང་གནམ་ཐང་ནས་ཅི་འཕྲོས་མོལ་འཕྲོས་ལྟ་བུར་བཀའ་བསྡུར་གནང་བ་ཞིག་ཡིན་ཚུལ་སོགས་ངོ་སྤྲོད་གནང་སྟངས་ལ་གཞིག་ན། དོན་དག་དེ་ཚོ་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་འདུག

མི་མང་ལ་བསམ་ཚུལ་བསྡུ་ལེན་བྱེད་དགོས་པ་ཞིག་ཡིན་ན་ཁ་ཁ་རེད་མ་གཏོགས། གཞན་གནད་དོན་འདི་འདྲའི་རིགས་ལ་འཆར་གཞི་ཞིབ་ཕྲ་བསྒྲིགས། བསམ་བློ་ཡང་ཡང་བཏང་ནས་བསྒྱུར་བཅོས་གཏོང་དགོས་པ་ཞིག་ལས། ཁྱབ་བསྒྲགས་སྔོན་ལ་བྱས་ཟིན་པའི་རྗེས་སུ་ལས་དོན་མ་འགྲུབ་ན་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཤས་སུ་འགྱུར་སྲིད་པ་ལྟ་བུ་རེད། དེར་བརྟེན་ལས་དོན་གང་དང་གང་ཡིན་ཡང་ལས་དོན་མ་བསྒྲུབས་སྔོན་ནས་དྲིལ་བསྒྲགས་ཁོ་ན་གནང་བསྡད་ན། ལས་དོན་འགྲུབ་པ་ལ་ཕན་ཐོགས་གང་ཡང་མེད་པ་དf/ ཕྱོགས་གཅིག་ནས་མི་མང་གི་སེམས་ནང་དུ་བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བར་འདོད་པ་མ་ཁེངས་པའི་གནས་ཚུལ་ཡོད་པར་ཚོད་དཔག་གིས། སླར་ཡང་གཞུང་ཞེས་པའི་མིང་ཚིག་གསར་སྣོན་བྱ་རྒྱུ་ཡིན། དེ་བྱེད་མཁན་ཡང་ང་ཚོ་ཁག་ཅིག་ཡིན་ཞེས་མི་མང་གི་ངོ་སོ་རག་ཐབས་སུ་ལས་དོན་མཐོ་གང་ལ་དྲིལ་བསྒྲགས་འདོམ་གང་ཟེར་བ་ལྟ་བུར་གྱུར་འདུག 

ལས་དོན་འདི་འདྲའི་རིགས་བབས་བརླིང་བརྟན་གསུམ་གྱི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་དང་། འཕལ་ཕུགས་གཉིས་ལ་ཕན་ཐོགས་ག་རེ་ཡོད། སྐྱོན་ག་རེ་ཡོད། དེ་དག་གི་ཐོག་ལ་དགོངས་པ་ཡག་པོ་བཞེས་དགོས་པ་ལས། ང་ཚོས་དེ་འདྲ་གནམ་ཐང་ནས་དྲན་སོང་། དེ་མགྱོགས་པོ་གྲོས་ཚོགས་ནས་གཏན་འཁེལ་བྱེད་རྒྱུ་ཡིན་ཞེས་གསུངས་ཡོང་བའི་སྐབས་ལ་རིན་ཐང་གང་ཡང་མེད་པ་ལྟ་བུར་གྱུར་འདུག དེར་བརྟེན་ཞིབ་འཇུག་ཡག་པོ་མ་གནང་ན་༧གོང་ས་མཆོག་གིས་མཚན་རྟགས་བཀོད་པའི་བཅའ་ཁྲིམས་བསྐྱར་བཅོས་དེ་ཟླ་བ་གསུམ་གྱི་རྗེས་སུ་ལམ་སེང་མར་བཤིག་ཆོག་ཆོག་ལྟ་བུ་བཟོས་ན་ཁྲིམས་ལ་རིན་ཐང་གང་ཡང་མེད་པ་ལྟ་བུ་ཆགས་ངེས་པ་རེད། གལ་སྲིད་ངེས་པར་བསྐྱར་བཅོས་གནང་དགོས་ཀྱི་ཡོད་ན་བོད་གཞུང་ཞེས་པ་རང་འཇགས་སླེབས་དགོས་ཤིང་། མི་མང་གི་འདོད་པ་དང་མཐུན་པ། ཁ་ནས་བརྗོད་བདེ་བ། ལོ་རྒྱུས་ཀྱི་དོན་ལ་གནས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།།

{jcomments on}