༄༅།། ཕ་ཁྱིམ་དྲན་པའི་རྒྱང་གླུ།

མི་ཚེ་ལྷག་མ་ས་མཐའི་རྒས་ཏེ།། སྨིག་པོའི་ཕ་ཁྱིམ་དྲན་པའི་གཞི་མ།།

སྐྱོ་བའི་དྲན་འགུལ་གྲོགས་ལ་གླེང་སྟེ།། གདུང་སེམས་ཀློང་ནས་མགོ་བོ་འཐིམས་སོང་།

རིག་ཞེན་དཀར་པོ་བོད་ལ་འཕྱུར་ཀྱང་། འབྱུང་བཞིའི་ཕུང་པོ་གཞན་ཡུལ་ལུས་སོང་།

དད་འདུན་བརྩེགས་མ་སེམས་ལ་འཁྱིལ་བཞིན།། ས་མཐའ་འདི་ནས་ཁ་བ་གླེང་ཤོར།།

རེས་དགའ་རེས་སྡུག་གཞན་ཡུལ་ཞིག་ནས།། སེམས་གཅོང་གྲང་རླུང་འུར་འུར་ལྡང་སྟེ།།

སྐྱོ་ཉམས་དགོད་འཛུམ་ཁད་ཀྱིས་ཡལ་ཏེ།། ལུས་སེམས་གསང་ལ་གས་ཆག་བསྐྲུན་སོང་།

རིག་ལམ་གཙང་མའི་མྱུ་གུ་མ་འབུས།། སྦྱང་བརྩོན་གྲུབ་འབྲས་གཡུར་དུ་མ་ལྡེམ།།

ཆོས་སྲིད་ཟུང་གི་ལང་ཚོ་མ་སྨིན།། གཞན་ཡུལ་ཞིག་ནས་དཀོབ་ཐོ་ཆགས་སོང་།

ཚན་རྩལ་རིག་པའི་གཞུང་ལུགས་མ་ཤེས།། སྐད་རིགས་སྨྲ་བའི་དབང་པོ་མ་ཡིན།།

ལྟ་རྒྱ་ཆེ་བའི་སློབ་མ་མ་ཡིན།། ས་མཐར་མགྲིམ་པའི་སྨྱོན་པ་ཡིན་སོང་།

ཁ་བ་ཅན་གྱི་བུ་རུལ་སྐྱེས་ཀྱང་། ཁ་བའི་ལྗོངས་ལ་ཞབས་འདེགས་མ་ནུས།།

ཁ་བ་སྐྱེས་བའི་དོན་དགོས་ཆུང་ཡང་། ཁ་བ་ཅན་ནི་བརྗེད་པ་མི་སྲིད།།

གཞི་བྱེས་ལྷན་འཛོམ་སེམས་ལ་སྒུག་བཞིན།། ས་མཐའ་འདི་ནས་ལོ་ཟླ་འགའ་ཞིག།

ད་དུང་མ་བསྒུག་ཐབ་མེད་བྱུང་བ།། ཡལ་འདབ་རྩེ་ནས་སླར་ཡང་ཤོར་སོང་།

འདས་སོང་ལོ་ཟླ་སེམས་ལ་འཁྱིལ་སོང་། སེམས་གཏིང་འདི་ནས་ན་ཟུག་རྙིང་པ།།

རྨ་ཁ་ནག་པོ་སླར་ཡང་རུལ་ནས།། དྲག་དུ་གཡོ་བའི་མིག་ཆུ་འཐོར་སོང་།