ཚེ་སྲོག་ཤོར་བཞིན་པ་ནི་བློ་ཕམ་སྐྱེས་གཞི་རེད་ཟེར།
བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་ཟླ་ཤས་ནང་བོད་ནང་དབྱར་རྩ་དགུན་འབུ་བརྐོ་རྒྱུའི་དུས་ཚོད་ཡིན་པར་བརྟེན། བོད་ནང་གི་ས་གནས་གང་སར་བོད་མི་དང་རྒྱ་མི་རིགས་དབར་དབྱར་རྩ་བརྐོ་མཁན་འཚང་ཁ་ཆེན་པོ་བྱུང་ཡོད། སྐབས་དེར་བོད་ཨ་མདོ་མགོ་ལོག་དགའ་བདེ་རྫོང་ཁོངས་ཆུ་འབྲུ་ཕྱོགས་ནས་ས་གནས་དེར་བོད་རིགས་བུད་མེད་ཞིག་དང་གཉེན་འགྲིག་བྱས་ནས་བསྡད་ཡོད་པའི་རྒྱ་མི་རིགས་གཅིག་དང་། བོད་མིའི་བར་དབྱར་རྩ་བརྐོ་ས་བཙོང་ཕྱོགས་ཐད་མི་མཐུན་པའི་འཁྲུག་རྩོད་བྱུང་བར་བརྟེན། རྒྱ་མི་དེས་རྒྱ་མི་གཞན་ཁག་ཅིག་དང་ངན་འབྲེལ་གྱིས་ས་གནས་བོད་མི་གཉིས་བསད་རྗེས་ཁོང་ཚོ་བྲོས་བྱོལ་དུ་ཕྱིན་ཡོད་འདུག། ཡང་དགའ་བདེ་རྡོ་ཁ་ནས་དབྱར་རྩ་དགུན་འབུའི་ཆེད་བོད་མི་ནང་ཁུལ་མ་མཐུན་པར་འཁྲུག་རྩོད་བྱུང་ནས་བོད་མི་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་འདུག།
ས་གནས་བོད་མི་ཁོས་བརྗོད་དོན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་རྨོ་བསྐྱུར་ནགས་འདེབས་དང་། ཕྱུག་བསྐྱུར་རྩྭ་སྐྱོང་ཞེས་པའི་ལས་གཞི་ལས་བོད་མི་རྣམས་དེང་རབས་རྒྱ་གྲོང་ཅན་དུ་བསྒྱུར་ནས། ད་ཆ་བོད་མི་ཚོའི་འཚོ་བར་དཀའ་ངལ་ཤུགས་ཆེན་འཕྲད་དེ་བོད་མི་ཕལ་ཆེ་བ་ས་ཕྱོགས་ངོས་མེད་ལ་ཞོར་ལས་འཚོལ་དུ་འགྲོ་བ་དང་། ས་གནས་གང་སར་དབྱར་རྩ་དང་སྨན་རྩ་བརྐོ་བར་འགྲོ་མཁན་ཇེ་མང་ཡིན་པ་དང་། ས་གནས་འཚོ་བའི་གནས་སྟངས་དེའི་རྐྱེན་དབྱར་རྩ་དགུན་འབུ་ནི་དེང་སང་བོད་ནང་བོད་ཀྱི་ཞིང་འབྲོག་མི་མང་གི་འཚོ་བའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེའི་ཆེད་བོད་མི་ནང་ཁུལ་ལ་འཁྲུག་རྩོད་བྱས་ནས་ཐ་ན་གཅེས་བའི་ཚེ་སྲོག་ཤོར་བཞིན་པ་ནི་བློ་ཕམ་སྐྱེས་གཞི་རེད་ཅེས་བརྗོད་བྱུང་།
གནས་སྟངས་དེ་དག་ཆེད་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས། ཉེ་བའི་ནང་མགོ་ལོག་ཁུལ་གྱི་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་སྨན་རྩྭའི་ཐོན་ཁུངས་ཀྱི་བདག་གཉེར་ལ་ཤུགས་སྣོན་བྱེད་ཆེད་དང་། གཙང་བོའི་འགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་རང་ས་གནས་ཀྱི་རོང་འབྲོག་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ས་གནས་ཀྱི་སྤྱི་ཚོགས་གཏན་འཇགས་ལ་ཁག་ཐེག་བྱེད་པ་བཅས་ཀྱི་ཆེད་དུ། ༼མགོ་ལོག་ཁུལ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་བདག་གཉེར་བྱེད་ཐབས༽ཀྱི་འབྲེལ་ཡོད་ཡིག་ཆ་ཞེས་བ་ཡང་གཏན་འབེབས་བྱས་འདུག། །
བལ་ཡུལ་གསར་འགོད་པས།