ལུམྦི་གནས་འཛུགས་སྐྲུན་ལ་ངོས་ལེན་བྱས་མི་འདུག
ལུམྦི་གནས་རིག་གཞུང་ལྷན་ཁང་གི་མགྲིན་ཚབ་པས་གལ་སྲིད་ལས་གཞི་དེ་ལྟར་སྤེལ་བ་ཡིན་ན། མ་འཇོག་བྱེད་མཁན་གཙོ་བོ་དེ་བལ་ཡུལ་གཞུང་རང་ཡིན་དགོས་ཀྱི་རེད་ཅེས་གསར་འགོད་པར་བཤད་ཡོད་པ་རེད། ལུམྦི་གནས་ནི་འཛམ་གླིང་གི་ནང་པའི་གནས་སྐོར་བ་དང་། ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་གལ་ཆེ་ཤོས་ཤིག་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ནང་པའི་མཁས་དབང་མང་པོ་ཕེབས་ཀྱི་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱིས་ངོས་འཛིན་གནང་བའི་གནས་ཆེན་ཞིག་ཀྱང་ཡིན་པ་རེད།
ཟླ་བ་གཅིག་ལྷག་ཙམ་སྔོན་ནས་ཧོང་ཀོང་གི་གསར་ཁང་ཞིག་ནས་ལུམྦི་གནས་འཛུགས་སྐྲུན་ཆེད་ཨ་སྒོར་བྱེ་བ་གསུམ་གཏོང་འཆར་ཡོད་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་གནམ་ཐང་། མགྲོན་ཁང་། ཡུལ་སྐོར་ས་ཚིགས་སོགས་བཟོ་རྒྱུའི་གནས་ཚུལ་ཞིག་བརྒྱུད་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་ལུམྦི་གནས་རིག་གཞུང་མགྲིན་ཚབ་པས་ང་ཚོས་ངོས་ནས་དེ་ལྟར་འཆར་གཞི་དང་གསལ་བསྒྲགས་གང་ཡང་བྱས་ཡོད་པ་མ་རེད། མི་རིང་བར་རྒྱལ་ཚོགས་གནའ་བོའི་རིག་གནས་ཡར་རྒྱས་ལྷན་ཚོགས་བལ་ཡུལ་ལུམྦི་གནས་སུ་གཟིགས་ཞིབ་གནང་བར་ཕེབས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཟླ་སྔོན་མའི་ནང་བལ་ཡུལ་གནས་སྡོད་རྒྱ་མིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་བལ་ཡུལ་གཞུང་གི་བློན་ཆེན་གཙོས་གཞུང་འབྲེལ་མི་སྣ་ཁག་ཅིག་ལུམྦི་ཚལ་དུ་གཟིགས་སྐོལ་ལ་ཕེབས་ཡོད་པ་རེད།
གནས་ཚུལ་དེ་ནི་རྒྱ་ནག་གཞུང་ཆོས་ལ་དད་མོས་ཆེ་བ་ཞིག་མ་ཡིན་པར། ཆོས་ཀྱི་གནས་བབ་ལ་བརྟེན་ནས་ས་ཆར་དབང་བསྒྱུར་བྱེད་རྒྱུའི་དོ་སྣང་ཞིག་སླེབ་བཞིན་ཡོད་པ་རེད། རྒྱ་ནག་ནང་གི་ནང་པའི་དགོན་སྡེ་ཁག་ལ་དྲག་ནོན་དམ་དྲག་ཤུགས་ཆེ་དང་། ཡི་ཤུའི་ཆོས་དཔོན་དང་དེའི་རྗེས་འབྲང་པ་དག་ལ་ཉེས་མིང་འདྲ་མིན་འོག་ཉེས་ཆད་བཙོན་འཇུག དེ་བཞིན་ཁྲིམས་འགལ་གྱི་ཡི་ཤུའི་ཆོས་དཔོན་བསྐོ་བཞག་བྱེད་བཞིན་ཡོད་པ་བཅས་རེད།