མོན་གྷོ་མཉམ་འབྲེལ་ཤས་བདག་མང་ཚོགས་ཀྱི་ཚོགས་ཆེན།

དེ་ཡང་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པ་ཆུ་ཚོ་༩ དང་ཕྱེད་ཀྱི་ཐོག་མི་མང་དང་སྐུ་མགྲོན་རྣམས་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་དུ་ཆེད་ཕེབས་གནང་ཡོད་པ་དང་། མཛད་སྒོའི་ཐོག་མ་མཉམ་འབྲེལ་དྲུང་ཆེ་ཀརྨ་ཡིས་མཛད་སྒོའི་ངོ་སྤྲོད་དང་། ཕྱི་ལོ་༢༠༡༠།༢༠༡༡ ལོའི་རྩིས་ཁྲ་སྒྲོགས་སྦྱང་གནང་། མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་གིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་རྗེས་མཉམ་འབྲེལ་གྱི་རྩིས་ཁྲར་རང་གཞུང་ནས་རྩིས་ཞིབ་ཆོག་པ་དང་། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་མི་མང་གི་ཚབ་ཞུས་ནས་དངུལ་འཛིན་དང་ཡིག་ཆ་རྣམས་ལ་མཚན་རྟགས་འགོད་ཆོག་པ། མ་དངུལ་ཟུར་འཇོག་དང་ཕྱི་ལོ་༢༠༡༠།༢༠༡༡ ལོའི་རྩིས་ཞིབ་ཟིན་མཚམས་གཙང་ཁེ་བགོ་འགྲེམས་བྱ་རྒྱུ་བཅས་ཤས་བདག་མི་མང་གིས་བཀའ་འཁྲོལ་ཆོག་མཆན་སྤྲད་པ་དང། སྔ་ལོའི་ཚོགས་ཆེན་ནང་དོགས་འདྲི་ཞུས་ཁག་ལ་མཉམ་འབྲེལ་ཚོགས་གཞོན་ཀརྨ་ཕུན་ཚོགས་ལགས་ནས་གསལ་བཤད་བྱས།

དེའི་རྗེས་མི་མང་གི་ནང་ནས་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་ལམ་སྟོན་དང་དོགས་འདྲི་བྱེད་མཁན་མི་༡༣ ཙམ་བྱུང་བ་དང་། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་རིམ་བཞིན་ལན་འདེབས་བྱས། དེ་ནས་རིམ་བཞིན་མོན་གྷོ་ས་འཐུས་སྐུ་ཚབ་དང་། སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་བཅས་ནས་མཉམ་འབྲེལ་གྱི་སྐོར་ལམ་སྟོན་གཏམ་བཤད་གྲུབ་མཚམས། སྤྱི་མི་ཟུར་པ་རྣམས་ཀྱིས་མཉམ་འབྲེལ་གྱི་ལས་དོན་ཐོག་མཐུན་འགྱུར་གནང་བར་རེ་རེ་བཞིན་ལེགས་གསོལ་བྱ་དགའ་དང་། གཞིས་གྲོང་སོ་སོའི་ནང་ས་ཞིང་འདེབས་ལས་མང་ཤོས་བྱེད་མཁན་ཚོ་དང། མཉམ་འབྲེལ་གྱི་ཚོང་ཁག་ནས་ཅ་དངོས་མང་ཤོས་ཉོ་མཁན་༡༥ དེ་བཞིན་མཉམ་འབྲེལ་གྱི་སྡེ་ཚན་ནས་གཙང་ཁེ་མང་ཤོས་སྡེ་ཚན་གསུམ། གཞིས་གྲོང་སོ་སོའི་བུ་གསོའི་ཆེད་མཉམ་འབྲེལ་ཚོང་ཁང་ནས་བཟའ་བཅའ་མང་ཤོས་ཉོ་མཁན་བཅས་ལ་རིམ་བཞིན་ལེགས་སྐྱེས་བྱ་དགའ་གནང་ཡོད་པ་རེད། དེའི་རྗེས་སུ་མཉམ་འབྲེལ་འགན་འཐུས་པ་སངས་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། ཚོགས་ཞུགས་པ་ཤས་བདག་མི་མང་༢༠ ལ་རྒྱན་ཤོག་གི་ལམ་ནས་བྱ་དགའ་ཕུལ་ཡོད་པ་མ་ཟད། ཚོགས་ཞུགས་པ་དང་སྐུ་མགྲོན་བཅས་མི་མང་བདུན་བརྒྱ་སྐོར་ཞིག་ལ་ཉིན་གུང་གསོལ་ཚིགས་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད།། ས་གནས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།