རྒྱ་ནག་གཞུང་གིས་ལྷ་སར་དགེ་འདུན་པ་༣༠ ལྷག་འཇུ་བཟུང།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་༧ པའི་ནང་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་དྲུག་ཅུ་དང་། རྒྱ་ནག་དམར་ཕྱོགས་ཚོགས་པ་དབུ་བརྙེས་ནས་ལོ་༩༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་དང་། སྤྱིར་བོད་ས་ཁྱོན་ཡོངས་སུ་དམ་དྲག་དང་། སྒོས་སུ་དུས་དྲན་སྲང་བརྩིའི་སྐབས་ལྷ་སར་དམ་དྲག་བྱས་ཡོད་པ་རེད། མི་མང་ཡར་མར་ལ་འགྲོ་བསྐྱོད་དང་ཕྱི་ལོག་ནས་ཡོང་བའི་མི་རིགས་ལྷ་སར་འགྲོ་རྒྱུ་སྔར་ལྷག་བཀག་འགོག་བྱས་ཏེ། ཉེན་རྟོག་མི་སྣ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཅིག་ལྷ་སར་འབྱོར་ཏེ། མང་ཚོགས་མཆོད་མཇལ་དུ་ཕེབས་མཁན་ཚོ་ཡང་བཀག་འགོག་བྱས་པ་མ་ཟད། ཆབ་སྲིད་ཀྱི་དོགས་གཞིའི་འོག དགའ་ལྡན་དགོན་པའི་དགེ་འདུན་པ་༩ འབྲས་སྤུངས་དགོན་པའི་དགེ་འདུན་པ་༥ སེ་ར་དགོན་པའི་དགེ་འདུན་པ་༡༢ རྭ་མོ་ཆེའི་དགོན་པ་ནས་དགེ་འདུན་པ་༧ ལྷ་ལྡན་གཙུག་ལག་ཁང་ནས་དགེ་འདུན་པ་༢ བཅས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པའི་དགེ་འདུན་པ་དེ་འཇུ་བཟུང་དགོས་དོན་དང་གང་དུ་བཀར་ཉར་བྱས་ཡོད་པ་སོགས་གསལ་པོ་བརྗོད་མེད་པ་རེད། དུས་དྲན་དེ་གཉིས་ལྷ་སར་སྲུང་བརྩི་བྱེད་རྒྱུར་བོད་མི་ཚོས་་མོས་མཐུན་གང་ཡང་མེད་ནའང། རྒྱ་ནག་གཞུང་གིས་དམ་དྲག་འོག་དུས་དྲན་གཉིས་སྲུང་བརྩི་བྱས་ཡོད་པ་རེད།།
{jcomments on}