གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་སྐུ་གཤེགས་པ།
ཕྱི་ལོ་༢༠༡༡ ཟླ་༧ ཚེས་༢༣ གི་ནམ་འོག་ཆུ་ཚོད་༢་༡༥ ཐོག་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང། ཟླ་༧ ཚེས་༣༡ ཉིན་བར་ཉིན་གྲངས་བདུན་རིང་གསང་བ་བྱས་པ་དེ་ཕྱིར་བསྒྲགས་གནང་ཡོད་པ་རེད། དེ་རིང་ནས་བཟུང་ཐག་ཉེ་རྒྱང་གང་ས་ནས་གདུང་མཇལ་དུ་བཅར་བའི་ཕྱི་ནང་གི་དད་ལྡན་རྣམས་ལ་དགུང་ཞག་ཞེ་དགུའི་རིང་སྐུ་གདུང་འཇལ་ཁ་གནང་རྒྱུ་ཡིན་འདུག་པ་དང། ཉིན་དེ་གའི་རིང་དད་ལྡན་མི་མང་དང་ཞལ་སློབ་རྣམས་ཀྱིས་མྱུར་འབྱོན་གསོལ་འདེབས་ཀྱིས་མཚོན་མཆོད་འབུལ་དང་། ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མྱུར་དུ་འབྱོན་ཆེད་ཐུགས་སྨོན་གསོལ་འདེབས་རྒྱ་ཆེ་གནང་བཞིན་ཡོད་འདུག
དེའི་སྐོར་ཨ་སངས་རིན་པོ་ཆེས་གསུང་དོན། རིན་པོ་ཆེ་ཞིང་དུ་ཕེབས་ཁར་རྩ་ཆེའི་ཞལ་ཆེམས་གཉིས་གནང་དོན། དང་པོ། ང་ཆུང་དུས་ནས་མ་ཎི་བགྲང་རྒྱུར་དགའ་པོ་ཡོད། བྱང་ཆུབ་ཀྱི་སེམས་ཀྱང་རྒྱུད་ལ་ཅུང་ཡོད་པ་འདྲ། མ་ཎིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་སྟབས། བདག་གིས་ཕུང་པོ་འདིས་ཀྱང་སེམས་ཅན་ལ་ཕན་ཐོགས་ཤས་ཆེ་བས། མཆོད་རྟེན་སོགས་གང་ཡང་མ་བཞེངས་ནས་སྐུ་གདུང་ཞུགས་འབུལ་བྱས་རྗེས་གདུང་ཐལ་ག་རེ་བྱེད་དགོས་མིན་སོགས། རང་གི་ཉེ་གནས་ཞིག་ལ་གསང་རྒྱ་དམ་པོ་བྱས་ནས་བཀའ་གནང་ཡོད་པ་དང། ཉེ་གནས་དེས་ཀྱང་ཁས་བླངས་པས། བླ་མ་ཁོང་ཐུགས་དགྱེས་པོ་བྱུང་ཚུལ་གསུང་འདུག
གཉིས་པ། ཁོང་གི་དྲིན་ཆེན་གྱི་རྩ་བའི་བླ་མ་ཚང་ཁྲོམ་དགེ་ཨ་རིག་དང་སེ་ར་ཡང་སྤྲུལ། ཡང་དྲིན་ཆེན་རྩ་བའི་བླ་མ་ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་གསུམ་ནས་ང་ལོ་༨༤ ལས་མང་བ་སྡོད་ཀྱི་རེད་ཅེས་ལུང་བསྟན་པ་རེད། ང་ད་ལོ་ལོ་༨༥ རེད། དམ་པ་གོང་མ་རྣམས་ཀྱིས་ལུང་བསྟན་དང་མཐུན་སོང་ཞེས་གསུང་ནས་ཐུགས་བདེ་མོ་གནང་གི་འདུག་པ་དང། དམ་པ་གང་ཉིད་ཀྱིས་སྐུ་ཚེའི་རིང་རྩ་བའི་བླ་མ་རྣམས་ཀྱི་བཀའ་ལ་སྤུ་ཙམ་ཡང་འགལ་མེད་སྟབས་ཐུགས་བདེ་མོ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་འདུག།
གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནམ། མཁན་རིན་པོ་ཆེ་ཨ་ཁྱིག་མཆོག་གིས་སྐུ་ཚེ་གང་ལ་ཐོས་བསམ་སྒོམ་གསུམ་གྱིས་བསྟན་འགྲོའི་དོན་ཆེན་སྒྲུབ་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༡༩༨༥ ལོར་སྡེ་དགེ་དཔལ་ཡུལ་རྫོང་གི་ཁོངས་གཏོགས་ཁྲོམ་ཐལ་དུ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཕྱག་འདེབས་ཀྱིས། སྣོད་ལྡན་གྱི་སློབ་མ་གྲངས་མེད་ཅིག་ལ་ཟབ་ལམ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་ཟབ་མོ་བསྩལ་བ་སོགས་རྒྱུད་འཛིན་གྱི་ཞལ་སློབ་དུ་མ་ཞིག་སྐྱེད་སྲིང་གནང་ཡོད་པ་དང་། ད་ལྟའི་ཆར་ཡ་ཆེན་ཆོས་སྒར་ཨོ་རྒྱན་བསམ་གླིང་དུ་གྲྭ་པ་དང་བཙུན་མ་ཆིག་ཁྲི་ཡས་མས་ཡོད་འདུག ཆོས་སྡེ་དེ་ནས་དཀར་ཟས་མ་གཏོགས་དམར་ཟས་སྤངས་ཟིན་པ་དང་། གཙོ་ཆེ་བ་སྤོང་བ་བསམ་གཏན་གྱི་ལས་ལ་གཞོལ་བཞིན་ཡོད་པ་རེད།
རྒྱ་དམར་གཞུང་གིས་སྔ་ཕྱིར་ཆོས་སྡེ་དེར་སུན་བཙེར་དང་དམ་དྲག་སྣ་ཚོགས་བྱས་ཡོད་ནའང་། དམིགས་བསལ་ལག་པ་འཆང་ས་མ་རག་པར་བརྟེན། ཆོས་སྡེ་གཏོར་བཤིག་བྱས་པའི་ལོ་རྒྱུས་བྱུང་མེད་པ་རེད།།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མཁན་པོ་ཨ་ཁྱིག་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ཕྱོགས་བསྒྲིགས་ཞུས་ཏེ། འདིར་བཏང་བའི་ནང་འཁོད་དོན། མཁན་པོ་ཨ་ཁྱུག་གམ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི་ཁམས་ཁྲོྂ་ཐལ་སྡེ་པར་ཡབ་ཁོ་ཀླུ་དང་ཡུམ་ཨ་ཁོ་ཞུ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལ་འཁྲུངས། དགུང་ལོ་བརྒྱད་དགུ་ཙམ་ནས་ཡི་གེ་སློབ་པའི་དབུ་ཚུགས། དགུང་ལོ་བཅུ་གཅིག་སྟེང་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་རིག་རིན་པོ་ཆེས་མཚན་ཚུལ་ཁྲིམས་བསྟན་འཛིན་དུ་གནང་། ཡབ་དམ་པ་གཤེགས་རྗེས་མིང་སྲིང་བརྒྱད་ཀྱི་ཆེ་ཤོས་ཡིན་པས་ཁྱིམ་གྱི་མགོ་འདྲེན་དང་ཕྱོགས་ཀྱི་འཚོ་སྐྱོང་། བྱིས་པའི་གོས་ཚགས། བཟའ་བཏུང་གཡོས་སྦྱོར་སོགས་གནང་དགོས་བྱུང་། དགུང་ལོ་བཅོ་ལྔའི་ཐོག་ཁྲོྂ་རྡོ་ཁོ་དགོན་གྱི་མཁན་ཆེན་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ་ལས་རབ་ཏུ་བྱུང་། མཚན་འཇམ་དབྱངས་ཀུན་དགའ་བསྟན་འཕེལ་དུ་གསོལ། མཁན་ཆེན་དེའི་མདུན་ས་ལམ་འབྲས་དང་ཀྱཻ་རྡོར་སོགས་ས་ལུགས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསན། དགུང་ལོ་བཅོ་བརྒྱད་པར་བླ་མ་བཀྲ་ཚེ་ཞུ་བའི་མདུན་ས་ཀློང་གསལ་སྔོན་འགྲོ། བར་དོ་དྲུག་ཁྲིད། ཆོས་དབྱིངས་མཛོད། འཇུག་པ། སྤྱོད་འཇུག་སོགས་གསན། དགུང་ལོ་ཉེར་བཞི་པར་སྡེ་གཞུང་སྤྲུལ་སྐུའི་མདུན་ནས་ཀྱཻ་རྡོར་ལམ་དབང་སོགས་ཞུས། སྐབས་དེ་ཙམ་ན་རྒྱ་བོད་ཀྱི་ཁྲལ་དང་འུ་ལག་སོགས་ཡབ་གཞིས་ཀྱི་འཚོ་ཚིས་ཀྱི་གཉེར་ཁ་ཅི་རིགས་མཛད་དགོས་བྱུང་།
དེ་རྗེས་ཚེ་རབས་ལས་ཀྱི་བླ་མ་ཁྲོྂ་དགེ་ཨ་རིག་རིན་པོ་ཆེ་རིག་འཛིན་དབང་ཕྱུག་དང་མཇལ། རིན་པོ་ཆེ་ནས་སྡོམ་རྒྱུན་སྨད་འདུལ་དུ་བརྗེ་དགོས་པའི་བཀའ་གནང་ལྟར་ཨ་རིག་སྤྲུལ་སྐུ་རྣམ་གཉིས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་ནས་སྡོམ་རྒྱུན་བརྗེས་ཤིང་མཚན་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་ཨ་རིག་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ནས་རྫོགས་ཆེན་སྙིང་ཐིག་གི་ཁྲིད་ཁ་སྤྱི་དང་སྙིང་ཐིག་ཕྱི་ནང་གསང་བའི་བླ་སྒྲུབ་པའི་རིམ་པ་ནས་བཟུང་ངག་ཆུང་སྙན་བརྒྱུད་ཀྱིས་མཚོན་པའི་སྙན་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་ཀྱི་གཏད་རྒྱ་ཐོབ་ཅིང་གཞན་ལ་སྟོན་པའི་ལུང་གནང་།
ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ལས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་སོགས་དབང་ལུང་ཁྲིད་གསུམ་མང་པོ་ཞུས། དུས་ཕྱིས་ཀྱང་སེ་ར་ཡང་སྤྲུལ་རིན་པོ་ཆེ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ལས་ཆོས་མང་པོ་གསན་ཞིང་། ཆོས་རྗེ་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས་ད་ལྟ་བདག་གི་ཐེ་ཚོམ་གྱི་སྨག་ཐམས་ཅད་བྲལ་ཚར་ཞེས་ཞལ་བཞེས་མཛད།
ཁོང་གི་རྣམ་ཐར་གྱི་སྙིང་པོ་ལྟ་བུ་ནི་མ་ཡུམ་གྱིས་བླ་མའི་ཞབས་ཞུར་མངགས་པ་ནས་བདག་ད་ནས་བླ་མ་དང་བྲལ་ན་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་བདག་གི་ཚེ་སྲོག་ཆོད་ཅིག་ཅེས་པའི་ཕྲིན་བཅོལ་ཡང་ཡང་མཛད། བླ་མའི་ཞབས་ཏོག་ཆེ་ཕྲ་མཐའ་དག་སྒྲུབ་ཅིང་། ཁྱད་པར་དུས་འགྱུར་སྐབས་མ་ཡུམ་རྒྱ་དམག་གིས་བཀྲོངས་པ་ནས་སྐུ་སྲོག་དང་བསྡོས་ནས་བླ་མའི་སྐུའི་སྲུང་སྐྱོབ་དང་། ལུས་ལོངས་སྤྱོད་གང་ལ་ཡང་ལྟོས་པ་མེད་པའི་སྒོ་ནས་ཞབས་ཏོག་མཐའ་རུ་ཕྱིན་པ་བསྒྲུབས་ནས་མི་ལོ་བཞི་བཅུ་ཙམ་ལ་ཞབས་ཞུ་ཞུས་ཏེ། དེའི་སྐབས་ཀྱི་མྱོང་སྣང་སྐོར་རང་རྣམ་ལས། ཟས་མེད་པའི་སྡུག་བསྔལ་དང་གཅིག ཞིང་ལས་བྱེད་དགོས་པའི་སྡུག་བསྔལ་དང་གཉིས། རྒྱ་མིས་མནར་བསྡིགས་ཀྱི་སྡུག་བསྔལ་དང་གསུམ་གྱིས་ངན་སོང་གསུམ་གྱི་གོང་ཙམ་གྱི་སྡུག་བསྔལ་མྱང་། ཞེས་དང་། ང་གཉིས་ཁ་གཞོས་མེད་པའི་འབྲོག་པ་ཡིན་པ་དང་། སྤྲུལ་སྐུ་དགུང་ལོ་མཐོ་བས་བྱ་ཐབས་གང་ཡང་མི་འདུག་པས་རང་གི་སེམས་བརྒྱལ་འགྲོ་བ་ལྟ་བུའི་སྡུག་བསྔལ་དཔག་མེད་མྱང་། ཞེས་དང་། སྐབས་ཤིག་ན་རྒྱ་མི་དག་གིས་བླ་མ་དང་ང་གཉིས་སོ་སོར་ཕྱེས་ནས་བཞུགས་དགོས་པའི་འཆར་འགོད་བྱུང་བས་སྙིང་ཕྱི་རོལ་ཏུ་བཏོན་པ་ལྟ་བུའི་སྡུག་བསྔལ་མྱོང་། ཞེས་གསུངས་པ་ལྟ་བུ་སྟེ། ལོ་སུམ་བཅུ་ཙམ་ལ་སྟོད་ཐུང་རེ་ཙམ་ལས་གོས་གསར་པ་ཡེ་མནབ་མ་མྱོང་བ་སོགས་དཀའ་བ་ཧ་ཅང་མང་པོ་ཁྱད་དུ་བསད་ནས་བླ་མའི་ཞབས་ཏོག་སྒྲུབ་པ་ལས་མོས་གུས་ཀྱི་རྟེན་འབྲེལ་ལས་དགོངས་པའི་ཡེ་ཤེས་བཙན་ཐབས་སུ་འཕོས་ཏེ་རྗེ་བཙུན་ན་རོ་པ་ལྟར་བླ་མ་དང་སྐལ་བ་མཉམ་པ་བྱུང་ཞིང་མངོན་ཤེས་སོགས་ཐུན་མོང་གི་ཡོན་ཏན་རྒྱ་ཆེན་པོ་འཁྲུངས། གནས་སྒོ་ཕྱེ་བ་དང་གཏེར་རྫས་བཞེས་པ་སོགས་དུས་བབ་ཀྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། ཆེ་རྒུ་ཀུན་ལ་ཐབས་མཁས་ཀྱིས་འགྲོགས་ཤིང་འཁོར་དང་སློབ་འབངས་བྱམས་བརྩེས་སྐྱོང་། འགྲོ་དོན་གྱི་ཀློང་བརྡོལ་ཞིང་འཁོར་སློབ་ཕྱོགས་མེད་དུ་འདུས་ཏེ། རྫོགས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བའི་གདན་ས་ཆེན་པོ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཞེས་པ་སྔོན་གྱི་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གདན་ས་ལྟ་བུ་འདི་བསྐྱངས་པ་ཡིན་ཏེ། ལར་ཆོས་དད་རང་མོས་ཀྱི་མགོ་ཚུགས་ཙམ་ན་རྒྱལ་རོང་པདྨ་བཟང་པོ་སོགས་ལ་བླ་མའི་བཀའ་བཞིན་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་ཁྲིད་གནང་བ་ནི་འདུས་པའི་ཐོག་མ་ཡིན་པར་གསུངས་ཤིང་། རབ་བྱུང་བཅུ་བདུན་པའི་ལྕག་སྤྲེལ་ཟླ་བ་བཅུ་གཅིག་པ་ནས་སློབ་མ་ལྔ་བཅུ་དྲུག་ཅུ་ཙམ་ལ་སྔོན་འགྲོ་ནས་བཟུང་ཁྲེགས་ཐོད་ཀྱི་བར་ཡོངས་རྫོགས་གསུངས་ཤིང་ཨ་རིག་རིན་པོ་ཆེར་རྟོགས་འབུལ་ཞུས་པས་རིག་ངོ་མ་འཕྲོད་པ་གཅིག་ཀྱང་མི་འདུག་གསུང་།
དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ལུང་བསྟན་ལྟར་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གསར་དུ་བཏབ། དེ་རྗེས་སློབ་མ་ཤིན་ཏུ་མང་ཆེ་བའི་སྟབས་ཀྱིས་ཆོས་སྒར་གླིང་བརྒྱད་དུ་ཕྱེས། གླིང་རེ་ལ་བསྟན་བདག་གཉིས་རེ། གླིང་དང་པོ་རིག་པ་རང་གྲོལ་གླིང་། གླིང་རྟགས་འཁོར་ལོ། གཉིས་པ་ཆོས་ཉིད་འོད་གསལ་གླིང་། གླིང་རྟགས་རྡོ་རྗེ། གསུམ་པ་འཁོར་འདས་ཆོས་ཉིད་གླིང་། གླིང་རྟགས་ནོར་བུ། བཞི་པ་ཀུན་བཟང་བསམ་གཏན་གླིང་། གླིང་རྟགས་པདྨ། ལྔ་པ་བདེ་ཆེན་ཐར་ལམ་གླིང་། གླིང་རྟགས་རལ་གྲི་སྟེ། དཔའ་བོའི་གླིང་ལྔ།
ཡང་། ཀུན་བཟང་བདེ་ཆེན་གླིང་། གླིང་རྟགས་པདྨ། བདེ་སྟོང་ཟུང་འཇུག་གླིང་། གླིང་རྟགས་རྡོ་རྗེ། བདེན་གཉིས་ཟུང་འཇུག་གླིང་། གླིང་རྟགས་འཁོར་ལོ། པདྨ་མཁ་འགྲོའི་གླིང་། གླིང་རྟགས་ཆོས་འབྱུང་སྣོལ་མ་སྟེ། དཔའ་མོའི་གླིང་བཞི། དེའི་ཁར་དགེ་བསྙེན་གྱི་གླིང་གཅིག་སྟེ། གླིང་ཆེན་པོ་བཅུར་ཕྱེས། ད་ལྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་འཕྲོས་ན་བོད་གངས་ཅན་གྱི་ཆེས་ཆེ་བའི་ཆོས་སྒར་དུ་གྱུར། རྒྱུན་དུ་བཞུགས་པའི་འཁོར་རྣམ་པ་བཞིའི་ཚོགས་གཅིག་ཁྲི་ཉིས་སྟོང་བརྒལ། ལུགས་གཉིས་ཀྱི་འཛིན་སྐྱོང་ཐབས་ལ་མཁས་པས་རྨད་དུ་བྱུང་བའི་འགྲོ་དོན་དང་འཕྲིན་ལས་མཐར་ཕྱིན། རྫོགས་པ་ཆེན་པོའི་བསྟན་པའི་ཆོས་ཀྱི་འཁོར་ལོ་ཆུ་བོའི་བརྒྱུན་བཞིན་བསྐོར་གནང་མཛད། དག་པའི་གདུལ་བྱ་རྣམས་ལུང་བསྟན་དང་སྐུ་ཡི་བཀོད་པ་སོགས་སྣང་བ་ལ་དབང་འབྱོར་བའི་མཛད་པ་མཐའ་ཡས་པ་བསྟན། ལུས་དཀྱིལ་གྱི་ལྷ་སྐུ་དངོས་སུ་མཇལ་བའི་མཁན་སྤྲུལ་རྒྱ་ཕྲག་མང་པོ་བྱུང་། སྤྲུལ་བའི་སྐུ་ཨ་གསང་རིན་པོ་ཆེའམ་ཐུབ་བསྟན་བསམ་གཏན་བཟང་པོ་ཉིད་སློབ་མའི་མཆོག་ཏུ་མཛད་ཅིང་། དོན་གྱི་རྒྱལ་ཚབ་དུ་མཛད། དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་གྲངས་མེད་པ་སྨིན་གྲོལ་ལ་བཀོད་མཐར། ལོ་འདིའི་བོད་ཟླ་དྲུག་པའི་ཚེས་ཉིར་གཉིས་ཀྱི་དགུང་མོ་སྟེ། དགུང་ལོ་བརྒྱད་ཅུ་གྱ་ལྔའི་ཐོག་འདས་རྗེས་ཀྱི་ཞལ་བཀོད་དང་བླང་དོར་གྱི་ཞལ་ཆེམས་ཞིབ་ཏུ་བསྩལ་ནས་ཞི་བར་གཤེགས་སོ། །ཁོང་གི་རྣམ་ཐར་གྱི་སྡོམ་ནི་རྗེ་ཉིད་ཀྱི་ཞལ་ནས། བདག་ནི་དལ་འབྱོར་མི་ལུས་རྟེན་བཟང་ཐོབ། །དང་པོ་དམ་པའི་སྐྱེས་བུ་མང་ཙམ་བསྟེན། །ཟབ་མོའི་གདམས་ངག་རྒྱ་ཆེར་བདག་ལ་གནང་། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། བར་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །སྒོམ་སྒྲུབ་ཟབ་མོས་སྒྲུབ་ལ་བརྩོན་པ་དང་། །རིན་ཆེན་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །སྔོན་བྱོན་རྒྱལ་བ་རྣམས་ཀྱིས་བརྩེ་བས་བསྐྱངས། །ཚེ་སྔོན་བསོད་ནམས་བསགས་པའི་རྒྱུ་འབྲས་ཀྱིས། །ཚེ་རབས་ལས་ཀྱི་བླ་མ་མཆོག་ཏུ་རྙེད། །ཟབ་དགུའི་གདམས་ངག་བརྩེ་བས་བདག་ལ་བསྩལ། །སྒོ་གསུམ་ལྟོས་མེད་བླ་མ་མཆོག་ལ་ཕུལ། །ཁྱད་པར་ཐེག་རྩེ་ཨ་ཏི་ཡོ་ག་ཡི། ཟབ་དོན་མན་ངག་སྙན་བརྒྱུད་རྒྱ་མཚོ་ཀུན། སྦ་གསང་མེད་པར་བདག་ལ་བཀའ་དྲིན་མཛད། །སྙིགས་དུས་སེམས་ཅན་ལས་དང་འབྲས་བུ་ཡིས། །སྡུག་བསྔལ་བཟོད་དཀའ་ངན་སོང་སེམས་ཅན་ལྟར། །དམ་པ་རྣམས་ལ་ཤིན་ཏུ་སྡང་ན་ཡང་། །ལུས་དང་སྲོག་ལ་མ་ལྟོས་བྱ་བ་བསྒྲུབས། །རྡོ་རྗེ་འཆང་ཆེན་བཀའ་དྲིན་ཅན་དེ་ཡིས། །སྒྲུབ་བརྒྱུད་གོང་མའི་མན་ངག་འདི་དག་ཀྱང་། །སྐལ་ལྡན་སློབ་བུས་ཉིན་མཚན་དུས་འདའ་བར། རྟག་ཏུ་དེ་ཡི་ཆོས་ཀྱིས་ཚིམ་པར་བྱས། །ཞེས་གསུངས་པ་ལྟར་རོ། །
ངོ་སྤྲོད་འདི་ནི་ཕྱི་ཕྱོགས་ཀྱི་རྒྱུད་ལམ་ཁག་ལ་ཁུངས་ལྡན་གྱི་གནས་ཚུལ་འཁོ་སྤྲོད་ཀྱི་བསམ་པས་ཕྲན་དང་མཁན་པོ་ཡེ་ཤེས་དོན་རྟོགས་ཟུང་གིས་ཕྱི་ནང་གསང་བའི་རང་རྣམ་ལ་བརྟེན་ནས་མཉམ་དུ་བྲིས་པའི་རྗེ་ཉིད་ཀྱི་རྣམ་ཐར་ཐེག་པ་མཆོག་གི་རྒྱན་ལས་ཆེ་ལོང་དུ་བཏུས་ཤིང་། ཉེ་དུས་ཀྱི་གནས་ཚུལ་ཁག་མཁན་པོ་ཡེ་ཤེས་དོན་རྟོགས་ལ་ཆེད་དུ་བཀའ་འདྲི་ཞུས་ཏེ་དག་པར་བྲིས་པ་ཡིན་ནོ།།
་