ལུའུ་ཞའོ་པའོ་བཙོན་འཇུག་བྱས་པ་དེ་ཁྲིམས་འགལ་རེད་ཟེར།

ཟླ་འདིའི་ཚེས་༡ ཉིན་རྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ལྔའི་སྐུ་ཚབ་ལས་གྲུབ་པའི་རང་དབང་ཅན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཞིབ་ལྷན་ཚོགས་དེས་རྒྱ་གཞུང་ལ་སྐུ་ཞབས་ལུའུ་ཞའོ་པའོ་ཕྲལ་དུ་གློད་གྲོལ་དགོས་པ་དང་གུན་གསབ་མི་ཉུང་བ་ཞིག་སྤྲོད་དགོས་ཞེས་བརྗོད་འདུག

“སྐུ་ཞབས་ལུའུ་ཞའོ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐོག་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པའི་ཐད་རྒྱ་གཞུང་གིས་དེ་ལ་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཅི་ཡང་བཤད་རྒྱུ་མི་འདུག་”ཞེས་ལྷན་ཚོགས་དེས་སྐྱོན་བརྗོད་བྱས་འདུག
རང་ལོ་༥༥ ཡིན་པ་སྐུ་ཞབས་ལུའུ་ཞའོ་པའོ་ནི་སྤྱིར་རྒྱ་རིགས་མང་གཙོ་དོན་གཉེར་བ་ཞིག་ཡིན་པ་དང་། ཁོང་ནི་བཅའ་ཁྲིམས་༠༨ ཞེས་པ་དམར་ཤོག་གི་ལྟ་བའི་གཞུང་འཛིན་བྱེད་པའི་རྒྱ་ནག་ནང་ཆབ་སྲིད་ཀྱི་རང་དབང་མཐོ་རུ་གཏོང་དགོས་སྐོར་གྱི་བསྒྲགས་གཏམ་སྤེལ་མཁན་ཞིག་ཡིན་པ་རེད། ༢༠༡༠ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྐུ་ཞབས་ལུའུ་ཞའོ་པའོ་ལ་ཐོབ་ཀྱང་། རྒྱ་གཞུང་གིས་ཁོང་རྒྱ་ནག་ཁ་བྲལ་གཏོང་མཁན་གྱི་མི་ཞིག་ཡིན་པའི་ཉེས་འཛུགས་འོག་༢༠༠༩ ལོར་ལོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ལྷན་ཚོགས་དེས་“ལུའུ་ཞའོ་པའོ་ཡི་བཟའ་ཟླ་ལུའུ་ཞཱ་ལ་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་ཆོག་པའི་རང་དབང་ཡོད་པ་མ་ཟད། ཁོ་མོ་རང་གི་འདོད་པའི་ཁྲིམས་བརྩོད་པའི་ཁེ་ཕན་ཀྱང་སྤྲོད་དགོས་པ་རེད་”ཅེས་བརྗོད་འདུག ལུའུ་ཞཱ་ནི་སྐུ་ཞབས་ལུའུ་ཞའོ་ཞའོ་བཙོན་འཇུག་བྱས་རྗེས་ད་བར་རྒྱ་གཞུང་གི་དམ་དྲག་འོག་བཟང་བཙོན་ལྟ་བུར་བཞག་ཡོད་པ་རེད།།