ལག་ཁྱེར་རྫུན་མའི་དོན་རྐྱེན་འོག་བོད་མི་འཛིན་བཟུང་།
བོད་པའི་བུ་མོ་དེ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་ཡིན་པ་འགྲེལ་བརྗོད་བྱས་ཡོད་སྐོར་ཙམ་ལས། པར་དང་མིང་སོགས་གང་ཡང་གསལ་པོ་འཁོད་མེད་པ་རེད།
བོད་པའི་བུ་མོ་དེར་ལག་ཁྱེར་རྫུན་མ་བཟོ་རྒྱུར་རོགས་པ་བྱེད་མཁན་བལ་ཡུལ་ནཱུ་ཝ་ཀོ་ཊི་རྫོང་ནས་ཡིན་པ་བལ་པོ་བ་གསུམ་ཡང་མཉམ་དུ་འཛིན་བཟུང་བྱེད་ཡོད་པ་རེད།
བུ་མོ་དེས་ཅཱིན་ཏལ་རྟ་མང་ཞེས་པའི་མིང་ཐོག་ནས་ལག་ཁྱེར་བླངས་ཡོད་པ་དང་། རང་ལོ་༦༦ ཡིན་པ་བྷག་ཏ་བྷ་དྷུར་རྟ་མང་ཞེས་པས་བུ་མོ་དེའི་པ་ལགས་ཡིན་ཁུལ་བྱས་པ་དང་། ཐཱ་པ་ལི་ཡཱ་ཞེས་པ་བུ་མོ་དེའི་དཔང་པོ་ཡིན་ཁུལ་གྱིས་ཡིག་ཆ་ཚང་མའི་ནང་ས་རྟགས་རྒྱབ་ཡོད་པ་རེད། དེ་དང་མཉམ་དུ་དྷེ་ཝན་རྡེ་ར་ཞེས་པ་ཞིག་ཀྱང་ཡོད་པ་རེད།
ཡང་བལ་ཡུལ་དུ་བོད་མི་རང་ལོ་༡༥ ཡིན་པའི་འཇམ་དབྱངས་བསྟན་འཛིན་དང་། ཁོང་གི་སྤུན་མཆེད་རང་ལོ་༡༢ ཡིན་པ་ཚེ་རིང་ལྷ་མོ་གཉིས་བདུན་ཕྲག་སྔོན་མའི་གཟའ་མིག་དམར་དགོང་དྲོ་བལ་ཡུལ་གནམ་ཐང་ནས་ཨ་རིར་འགྲོ་རྒྱུ་ཡིན་པ་དང་། ཉེན་རྟོག་པས་ལག་ཁྱེར་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་ཁོང་གཉིས་ཀྱི་ཕ་མ་མཉམ་དུ་ཡོད་པ་དང། ཁོང་གཉིས་ཀྱི་བལ་ཡུལ་གྱི་ལག་ཁྱེར་རྫུན་མ་དེའི་སྟེང་ཨ་རིའི་གཞུང་ཚབ་ནས་ཐོངས་མཆན་སྤྲད་འདུག་ཅེས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་ནས་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་ཨ་རིར་བསྐྱོད་རྒྱུ་ཐོངས་མཆན་སྤྲོད་མི་ཆོག་པའི་དམ་དྲག་བྱས་པ་ནས་བཟུང་། བོད་མིའི་ནང་བལ་ཡུལ་གྱི་ལག་ཁྱེར་རྫུན་མ་བཟོ་མཁན་མང་དུ་འགྲོ་ཡི་ཡོད་པ་རེད།
འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ནས་ན་གཞོན་དེ་གཉིས་བོད་པ་མ་ཡིན་པ་མ་ཟད། ཁོང་གཉིས་ཀྱི་རང་བཙན་ལག་དེབ་དང་རང་བདེན་ཚོགས་ཆུང་གི་ངོས་སྦྱོར་ཡིག་ཆ་ཡང་བོད་པའི་མིང་ཐོག་ནས་རྫུན་མ་བཟོས་ཡོད་སྐོར་འདུག