ཟམ་གདོང་རིན་པོ་ཆེས་བོད་ཀྱི་གསར་འགོད་པར་བཀའ་ལན།
དྲི། ད་ལྟའི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་དཔེ་སྟོན་སློབ་གྲྭའི་ནང་འཛིན་གྲྭ་བདུན་པར་སླེབས་ཀྱི་ཡོད་པ་རེད། དེ་བཞིན་སཾབྷོཊའི་སློབ་གྲྭ་ཁག་ཏུ་འཛིན་རིམ་མཐོ་རུ་འགྲོ་ཡི་ཡོད་པ་རེད། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་དེབ་དང་དགེ་རྒན་སོགས་གྲ་སྒྲིག་ཡོད་པ་རེད། དེ་བཞིན་མཐོ་སློབ་ཏུ་ཡིག་རྒྱུགས་གཏོང་སྐབས་རྒྱ་གར་གྱི་ས་གནས་ཀྱི་ཡིག་རིགས་འདྲ་མིན་ཐོག་མཐོ་སློབ་ཏུ་ཚུད་རྒྱུགས་གཏོང་ཆོག་པ་དང་། བོད་ཡིག་ཐོག་ནས་ཀྱང་མཐོ་སློབ་ཏུ་ཚུད་རྒྱུགས་གཏོང་ཆོག་པའི་སྐོར་སྔོན་མ་ཟམ་གདོང་རིན་པོ་ཆེས་གསུངས་འདུག དེའི་ཐོག་འབད་བརྩོན་དང་གྲ་སྒྲིག་ཡོད་པ་རེད་དམ།
ལན། ད་ལྟ་ཤེས་ཡོན་སྲིད་ཇུས་ཆ་ཚང་ལག་བསྟར་བྱེད་མཁན་གྱི་འཛིན་གྲྭ་དེ་ཚོའི་ནང་འཛིན་གྲྭ་མཐོ་ཤོས་བདུན་པ་རེད། ཡོང་རྒྱུ་བསྡད་པའི་ལོ་བཞིའི་ནང་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག བཅུ་གཉིས་བར་དུ་སླེབས་ཡོང་གི་རེད། དེའི་རིང་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་མཐོང་གི་ཡོད་པ་མ་རེད། འཛིན་གྲྭ་བཞི་པ་ནས་སྐད་ཡིག་གསུམ་སློབ་ཀྱི་ཡོད་པས། རྗེས་མ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་སྤྲོད་སྐབས། སྐད་ཡིག་གིས་མ་འདང་ནས་རྒྱུགས་མི་འཕྲོད་པའི་གནས་སྟངས་མེད་པ་དེ་དགེ་རྒན་དང་སློབ་མ་ཚང་མར་གདེང་ཚོད་ཡོད་པ་རེད། མཐོ་རིམ་སློབ་གྲྭ་ཁག་ལ་སོ་སོའི་རང་སྐད་ཀྱི་ཐོག་ནས་རྒྱུགས་སྤྲོད་གཏོང་རྒྱུར་ང་ཚོས་དམིགས་བསལ་གྱིས་འབད་བརྩོན་དགོས་པ་ཡོད་པ་མ་རེད། ང་རང་ཚོ་རང་གི་སློབ་སྦྱོང་བྱས་པའི་སྐད་ཡིག་དེའི་ཐོག་ཏག་ཏག་འདང་བ་དང་འགྲོ་ཐུབ་པ་ཡོད་ན། སྐད་ཡིག་དེའི་ཐོག་ནས་རྒྱུགས་སྤྲོད་གཏོང་གི་ཡིན་ལབ་ན། རྒྱུགས་སྤྲོད་གཏོང་མཁན་གྱི་སྒྲིག་འཛུགས་དེ་ཚོས་ངོས་ལེན་མེད་ལབ་ཐུབ་ཀྱི་མ་རེད། བོད་པའི་སྐད་དེ་རྒྱ་གར་གཞུང་གིས་སྐད་ཡིག་ལ་ངོས་འཛིན་མེད་པའི་དབང་གིས་དཀའ་ངལ་འཕྲད་ཀྱི་རེད་དགོངས་པ་ཡིན་ན། བོད་སྐད་དེ་རྒྱ་གར་ནང་ལོ་གཅིག་གཉིས་ནང་ངོས་ལེན་ཐོབ་འགྲོ་ཡི་རེད། དེ་ངོ་ལེན་བྱེད་རྒྱུའི་ལས་གཞི་ད་ལྟ་འགྲོ་བཞིན་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ནང་སྐད་ཡིག་ལ་ངོས་འཛིན་བྱེད་རྒྱུར་བསྒུག་ཡོད་པའི་དང་པོ་དེ་བྷོ་ཊའི་སྐད་ཡིག་དེ་རེད། དེ་ངོས་ལེན་བྱས་རྗེས་རྒྱུགས་སྤྲོད་ལེན་མཁན་ཚོས་ངོས་ལེན་བྱེད་རྒྱུ་མིན་ཟེར་རྒྱུ་མ་རེད་ལ། ད་ལྟ་ཡང་ངོས་ལེན་མེད་ཟེར་རྒྱུ་རེད་བསམ་གྱི་མི་འདུག ད་ལྟ་ཁྲིམས་མཐུན་གྱི་རྒྱུགས་སྤྲོད་ལེན་མཁན་མང་པོས་བོད་ཡིག་ཐོག་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད། ང་ཚོའི་རྒྱུགས་སྤྲོད་ཀྱི་སྐབས་འབྲེལ་བ་བྱེད་རྒྱུ་ཞིག་རེད་མ་གཏོགས་དེ་ལས་གཞན་པ་དགོས་པ་ཞིག་མ་རེད། སློབ་དེབ་དེ་འགྲིག་འགྲོ་ཡི་རེད།(འཛིན་གྲྭ་བཅུ་གཅིག་བཅུ་གཉིས།) སློབ་དེབ་ཆ་ཚང་བོད་ཡིག་ནང་བསྒྱུར་ཚར་འགྲོ་ཡི་ཡོད་པས་རྗེས་ལུས་ཐེབས་ཀྱི་མ་རེད། རྗེས་ལུས་དེ་དགེ་རྒན་གྱི་ཐོག་ནས་ཐེབས་སྲིད་པ་ཞིག་རེད། དགེ་རྒན་དེ་ཉི་མ་གཅིག་ལ་བཟོ་རྒྱུ་མེད་པ་རེད། ད་ལྟ་བར་ཤེས་རིག་ལས་ཁུངས་དང་ཝ་ཎ་གཙུག་ལག་མཐོ་སློབ་ཟུང་འབྲེལ་ཐོག་དགེ་རྒན་འོས་སྦྱོང་ལོ་ལྟར་གོ་སྒྲིག་ཡོད་པ་རེད། ཡིན་ནའང་དེས་ཤེས་ཡོན་སྲིད་ཇུས་དང་མཉམ་པ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད། ༢༠༡༢ ལོ་ནས་ཤེས་རིག་ལས་ཁུངས་ནས་དགེ་རྒན་འོས་སྦྱོང་གི་སློབ་ཚན་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད། དེའི་ནང་གཅིག་བསྡུས་ཀྱི་དགེ་རྒན་འོས་སྦྱོང་ཞེས་པ་ཞིག་ཡོད་པ་རེད། གཅིག་བསྡུས་ཀྱི་དགེ་རྒན་འོས་སྦྱོང་ཟེར་དུས་ལོ་གསུམ་རིང་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་དང་ལོ་གཅིག་རིང་དགེ་རྒན་འོས་སྦྱོང་གི་ལག་ཁྱེར་བཅས་ལོ་བཞིའི་རིང་དགེ་རྒན་འོས་སྦྱོང་དང་གཙུག་ལག་རབ་འབྱམས་པ་མཉམ་དུ་ཐོན་ཐབས་བྱེད་ཀྱི་ཡོད་པ་རེད། ལོ་བཞིའི་ནང་དགེ་རྒན་ལྔ་བཅུ་ཐོན་ཐུབ་ཀྱི་རེད། རིམ་པས་དགེ་རྒན་འདང་འགྲོ་ཡི་རེད། ཡིན་ནའང་དཀའ་ལས་ཁག་ཤོས་དེ་དགེ་རྒན་རེད། དགེ་རྒན་གྱི་བསམ་བློ་དང་ཤེས་ཡོན་སྲིད་ཇུས་གཉིས་མཉམ་དུ་འགྲོ་མཁན་ཞིག་མེད་ན། སྦྱོང་བརྡར་ག་ཚོད་སྤྲད་ཀྱང་། ཏོག་ཙམ་བསམ་བློའི་ནང་མ་བདེ་བ་ཞིག་ཡོད་ན་དཀའ་ངལ་འཕྲད་ཀྱི་རེད།
དྲི་བ། རིན་པོ་ཆེས་བཀའ་ཤག་གི་ལས་དུས་འཁྱོལ་བ་དང་རྗེས་སུ་ག་རེ་གནང་གི་རེད་ཅེས་མི་མང་ནང་དྲི་བ་ཡོད་པ་རེད། ཡང་སྲང་ལམ་དུ་ཁ་ཤས་ཀྱིས་ཡར་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་གི་རེད་ཟེར་མཁན་དང་། ཡང་ཁ་ཤས་ཀྱིས་ས་ཆ་མར་ཞིག་ལ་བཞུགས་རྒྱུ་རེད་ཟེར་མཁན་འདུག དེའི་བཀའ་ལན་གནང་རོགས།
ལན། དེ་མི་མང་གིས་ཐུགས་ཁྲལ་གནང་དགོས་པའི་རྒྱུ་མཚན་ཞིག་ཨེ་ཡོད་ན། མི་སུ་ཡིན་ཡང་རྒན་ཁོགས་ཆགས་དུས་རྒན་ཡོལ་འགྲོ་རྒྱུའི་ཐོབ་ཐང་དེ་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་དགོས་པ་རེད། ལོ་༧༣ ལ་སླེབས་པའི་མི་ཞིག་གིས་ཡང་བསྐྱར་ག་རེ་བྱེད་ཀྱི་རེད་ཅེས་དྲིས་པ་དེ་བརྒྱུད་ལམ་ལ་དྲི་བ་རྫོགས་པ་རེད་བསམ་གྱི་འདུག མི་མང་ནང་གི་དྲི་བ་ཡིན་ཡང་དེ་འདྲི་རྒྱུ་ཡོད་པ་མ་རེད། ཇོ་བོ་རྗེ་ཡིས་ལོ་ཙཱ་བ་རིན་ཆེན་བཟང་པོར་ང་མཉམ་དུ་ལོ་ཙཱ་ལ་འགྲོ་ཡི་ཟེར་དུས། རིན་ཆེན་བཟང་པོས་ཁྱེད་རང་གིས་ངའི་མགོ་ལ་གཟིགས་རོགས་ཞེས་མགོ་བསྟན་པ་རེད་ཟེར་གྱི་འདུག མི་མང་གི་ནང་ནས་དྲི་བ་དེ་དྲིས་ཡོང་ན། ངའི་མགོ་དཀར་པོ་དེ་བསྟན་ན་འགྲིག་གི་རེད་བསམ་གྱི་འདུག ཡར་འགྲོ་ཡི་རེད། མར་འགྲོ་ཡི་རེད་ཟེར་བ་དེ་ཚོ་སྒྲོ་བཏགས་བཞག་པ་རེད། ད་ལྟ་ཕྱི་ཟླ་༨ ཚེས་༩ ནས་བདུན་ཕྲག་གཉིས་ལ་གོང་སེང་དུ་འགྲོ་རྒྱུ་གཏན་ཁེལ་བ་ཡིན། དེ་མིན་གཏན་ཁེལ་བ་གང་ཡང་མེད།
དྲི་བ། ལོ་བཅུའི་རིང་བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་ཐག་ཉེ་རུ་འགྲོ་ཡོད་དང། ཐག་རིང་དུ་སོང་ཡོད་པར་ངོས་འཛིན་གནང་གི་ཡོད།
ལན། བོད་དོན་བདེན་མཐའ་གསལ་རྒྱུར་ཐག་ཉེ་རུ་ཕྱིན་ཡོད་པ་རེད་བསམ་གྱི་འདུག རྒྱུ་མཚན། རྒྱལ་སྤྱིའི་ནང་གི་འགྱུར་འགྲོས། རྒྱ་ནག་གི་འགྱུར་འགྲོས། བོད་ནང་གི་འགྱུར་འགྲོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མའི་ཐོག་བསྡོམས་བརྒྱབ་ནས་བལྟས་ན་ཞེ་དྲག་ཐག་ཉེ་རུ་ཕྱིན་པ་རེད། བོད་དོན་བདེན་མཐའ་གསལ་རྒྱུར་ཐག་ཉེ་རུ་ཕྱིན་པའི་ངོ་སོ་འདྲ་སྤྲད་དགོས་རེད་ཟེར་ན། བརྒྱ་ཆ་བརྒྱད་ཅུ་བོད་ནང་དུ་ཡོད་མཁན་ཚོར་སྤྲོད་དགོས་པ་རེད། བརྒྱ་ཆ་ཉི་ཤུ་ང་ཚོའི་འདིར་སྐད་བརྒྱབ་ནས་འགྲོ་མཁན་ཚོར་སྤྲད་ཆོག་གི་རེད། དངོས་གནས་དྲང་གནས་སྲོག་བློས་གཏོང་མཁན་ཚོ་བོད་ནང་དུ་ཡོད་པ་རེད། སྲོག་འགྲོ་ཡི་མ་རེད་བསམ་པའི་གདེངས་སྤོབ་ཀྱི་ཐོག་ནས་སྐད་རྒྱག་མཁན་ཚོ་ཕྱི་ལོག་ཏུ་ཡོད་པ་རེད། རྒྱས་སྤྲོས་མ་དགོས་པ་གྱིས། དུས་ཚོད་མི་འདུག
དྲི་བ། བཀའ་ཤག་གསར་རྙིང་བར་དུ་རྩིས་སྤྲོད་སྐབས། དཀའ་ངལ་ཆེ་ཤོས་མགྱོགས་མྱུར་སེལ་དགོས་པ་ག་རེ་ལ་ངོས་འཛིན་གནང་གི་ཡོད།
ལན། བཀའ་ཤག་གསར་པར་རྩིས་སྤྲོད་བྱེད་རྒྱུ་དེ། སྤྱིར་བཏང་འོས་བསྡུ་བྱས་པའི་འགོ་ཁྲིད་འཕོ་འགྱུར་སྐབས། གཞུང་ཞབས་དྲུང་ཆེ་དེ་ཚོ་འཕོ་འགྱུར་བྱས་པ་ནང་བཞིན། རྩིས་སྤྲོད་རྩིས་ལེན་བྱེད་རྒྱུ་ཡོད་པ་མ་རེད། མི་རེ་རེར་ཆབ་སྲིད་ཀྱི་ལྟ་བ་དང་ཆབ་སྲིད་ཀྱི་བསམ་ཚུལ་རེ་རེ་ཡོང་གི་རེད། གསར་པ་ཁོ་རང་གིས་སྡེ་ཚན་ལྟ་བུ་གསར་པ་ཁྱེར་ནས་ཡོང་གི་རེད། འཛིན་སྐྱོང་གི་ནང་འཕྲད་སྲིད་པའི་དཀའ་ངལ་ག་རེ་ཡོད་པ་རེད་ཟེར་ན། ལས་བྱེད་མ་འདང་བའི་དཀའ་ངལ་ཡོད་པ་རེད། ལྷག་པར་དུ་ལས་བྱེད་རྒན་པ་མེད་པའི་དཀའ་ངལ་ང་ཚོའི་སྐབས་ནས་ཡོད་པ་རེད། བཀའ་ཁྲི་གསར་པར་དཀའ་ངལ་ཡོང་མདོག་རེད། དེ་མ་གཏོགས་ཆབ་སྲིད་ཀྱི་ཐོག་དཀའ་ངལ་འདི་རེད་ཟེར་རྒྱུ་ཡོད་པ་མ་རེད།
དྲི་བ། ལོ་བཅུའི་རིང་ལས་དོན་འདོད་པ་ཁེངས་ཤོས་དང་། ལས་དོན་མ་འགྲུབ་ནས་བློ་ཕབ་གནང་དགོས་པ་ཡོད་དམ།
ལན། ལོ་བཅུའི་རིང་ལ་ལས་དོན་དེ་ཞེ་དྲག་ཡག་པོ་བྱུང་སོང་བསམ་པའི་བློ་ཁ་ཚིམས་པ་གཅིག་ཀྱང་མ་བྱུང་། ང་བཀའ་བློན་ཁྲི་པ་མ་བྱས་གོང་ནས་འཛིན་སྐྱོང་ནང་སླེབས་ནས་ལས་ཀ་བྱེད་ཀྱི་མི་འདུག་ཟེར་ནས་ང་ཚོགས་གཙོ་ཚར་པའི་སྐབས་ཀྱི་བཟོད་གསོལ་ནང་གསལ་པོ་ཞེ་དྲག་ཞུས་ཡོད་པ་རེད། དེར་བརྟེན། ཐོག་མར་ང་བཀའ་ཤག་ནང་སླེབས་པའི་སྐབས་ལ་ལས་དོན་མང་པོ་ཞིག་འགྲུབ་གྱི་རེད་བསམ་པའི་རེ་བ་དང་སྤོབས་པ་དེ་འདྲ་གང་ཡང་ཡོད་པ་མ་རེད། དགོས་སུ་ལས་དོན་ལག་ལེན་བསྟར་པའི་སྐབས་ལ་ལོ་བཅུ་ཡི་སྐད་ཆ་རྐྱང་རྐྱང་མ་རེད། ང་ཝ་ར་ཎ་སི་ལ་ལོ་སུམ་ཅུ་བསྡད་པ་རེད། ཝ་ར་ཎ་སི་ལ་ལོ་སུམ་ཅུ་བསྡད་ནས་ཚར་པའི་སྐབས། ལས་ཀ་འདི་ང་རང་གི་དམིགས་ཚད་དང་རེ་བའི་བསམ་བློ་དང་ཏག་ཏག་མཐུན་པ་བྱུང་སོང་ཟེར་རྒྱུ་གཅིག་ཀྱང་མེད་ཅེས་ངས་དེའི་སྐབས་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ཡིན། སྤྱི་འཐུས་ཚོགས་གཙོ་བྱས་ནས་ལོ་བཅུ་དང་བཀའ་བློན་ཁྲི་པ་བྱས་ནས་ལོ་བཅུའི་རིང་འདིའི་རིང་ལ་ལས་དོན་འདི་བརྒྱ་ཆ་བརྒྱ་ཐམ་པ་ང་རང་གི་བསམ་བློ་ནང་བཞིན་གྲུབ་སོང་ཟེར་རྒྱུ་གཅིག་ཀྱང་མེད། གཉིས་པ། འདི་འགྲིག་མ་སོང་བསམ་པའི་བློ་ཕམ་བྱེད་རྒྱུའི་གནས་ཚུལ་ག་རེ་ག་རེ་བྱུང་སོང་ཞེས་པ་འདི་ལ་ཟུར་དུ་འདོན་རྒྱུ་གང་ཡང་མེད། ཐོག་མར་བསམ་བློའི་ནང་ནས་ཚང་མ་ཇི་མ་ཇི་བཞིན་བློ་འདོད་ཁེངས་པ་ཞིག་ཡོང་གི་མ་རེད་བསམ་པའི་གོ་རྟོག་དེ་ཡོད་པ་ཡིན་པས། གྲ་མ་འགྲིག་པ་ཚོ་ལ་དམིགས་གསལ་བློ་ཕམ་བྱེད་ཀྱི་མེད། འདིའི་ཐོག་ལ་ངས་འབད་བརྩོན་ཆ་ཚང་བྱུང་མ་སོང་བསམ་པ་འདྲ་པོ་དེ་འདྲ་གཅིག་ཀྱང་མེད། ལས་དོན་གྲུབ་པ་དང་མ་གྲུབ་པ་ག་རེ་ཡིན་པ་ཡིན་ཡང་གང་བསམ་པ་དེའི་ལ་ཐོག་མར་འཆར་གཞི་སྒྲིག་དུས་གཟབ་གཟབ་བྱས་ནས་ཞིབ་འཇུག་བྱེད་རྒྱུ་དང་འཆར་གཞི་བསྒྲིགས་པའི་རྗེས་ལ་ནུས་པ་གང་ཡོད་བཏོན་ནས་འགྲུབ་ཐབས་བྱས་པ་རེད། ད་འདིའི་ཐོག་ལ་ངས་འབད་བརྩོན་བྱེད་རྒྱུ་བྱུང་མ་སོང་བསམ་པའི་བློ་ཕམ་ཡོད་པ་གཅིག་ཀྱང་མེད་ཞུ་རྒྱུ་ཡིན།
དེའི་སྐབས་ཀྱི་དྲི་བ་ཚང་མ་རིམ་པས་འགོད་རྒྱུ་ཡིན་པས། དེ་ལུགས་དགོངས་འཇགས་ཡོང་བར་མཁྱེན།
{jcomments on}