ད་ལྟའི་དཔལ་འབྱོར་དེ་གཙང་མ་རེད་ཅེས་བཀའ་ཁྲིས་གསུངས་སོང་།
དཔལ་འབྱོར་སྲིད་ཇུས་ཀྱི་སྐོར་གྱི་དྲི་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ལན་འདེབས་གནང་དོན་དོན། དཔལ་འབྱོར་སྲིད་བྱུས་དེ་བུ་ལོན་མེད་ན་ཕྱུག་པོ་ཡིན་ཟེར་བ་དེ་ང་ཚོའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད། དེ་ཡིན་པ་ངས་གྲོས་ཚོགས་ནང་དུ་ཞུས་ཡོད། ང་ཚོ་དང་ཐོག་བཀའ་ཤག་ནང་སླེབས་པའི་སྐབས་ལ་བོད་གཞུང་གི་དཔལ་འབྱོར་གྱི་གནས་བབས་དེ་ཧ་ཅང་གི་ཉེན་ཁའི་ནང་འདུག དང་པོ་ང་ཚོས་དེ་ཙམ་གཏིང་གཟབ་པོ་ཤེས་ཀྱི་མེད་པ་རེད། ཆེས་མཐོའི་་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་ནང་དང་རྩིས་ཞིབ་སྙན་ཐོའི་ནང་ལ་དཔལ་འབྱོར་གྱི་གནས་བབས་ཅུང་ཙམ་སྐྱོ་པོ་ཡིན་པ་གསལ་ཡོད་རེད། ཡིན་ནའང་དངོས་སུ་བཀའ་ཤག་གི་ལས་དོན་འགོ་འཛུགས་བྱེད་པའི་སྐབས་ལ་དངོས་ཡོད་གནས་སྟངས་དང་བསྡུར་པའི་སྐབས། ཚོང་ལས་སྡེ་ཚན་ཉི་ཤུ་ཙ་གྲངས་ཤིག་ཡོད་པའི་ནང་ནས་གྱོང་མེད་མཁན་བཞི་ཙམ་ལས་མི་འདུག ཚང་མ་གྱོང་གུད་ཀྱི་ཐོག་འགྲོ་ཡི་ཡོད་པ་རེད། བསྡོམས་བརྒྱབ་ནས་ཞུས་པ་ཡིན་ན། ང་ཚོ་བཀའ་ཤག་ནང་སླེབས་པའི་སྐབས་ལ་མ་རྩའི་ཐོག་ནས་མར་གྱོང་གུད་ཆགས་པའི་གནས་བབས་དེ་ས་ཡ་གསུམ་ལྷག་ཙམ་གཅིག་གི་གནས་སྟངས་ཐོག་ལ་བསྡད་འདུག བུན་ནག་དང་ཉུང་རུལ་བྲལ་བའི་དངུལ་འབོར་གྱི་གནས་སྟངས་དེ་ས་ཡ་ལྔ་ཡས་མས་ཀྱི་གནས་བབ་ཐོག་ལ་བསྡད་འདུག ལོ་ལྟར་བུ་ལོན་སྤྲད་དགོས་པ་དེ་ས་ཡ་མང་པོ་རེད། བུ་ལོན་གྱི་སྐྱེད་ཁ་སྤྲད་དགོས་པ་དེ་ས་ཡ་མང་པོ་རེད། དེ་དུས་ང་ཚོས་རྩིས་ཤིག་རྒྱག་པའི་སྐབས་ལ་དེ་ནང་བཞིན་འགྲོ་བཅུག་པ་ཡིན་ན། ལོ་དྲུག་གི་ནང་ལ་མི་མང་གི་བུ་ལོན་ཡོངས་སུ་རྫོགས་པ་འདི་ང་ཚོའི་གྱོང་གུད་ཀྱི་ནང་ལ་འཐིམ་འགྲོ་ས་རེད་ལ། གཞུང་གིས་འགྲོ་སོང་གཏོང་རྒྱུ་ལ་དངུལ་གཅིག་ཀྱང་མ་ལྷག་པ་ཆགས་འགྲོ་ཡི་འདུག རྗེས་སུ་འདི་ལ་ཞིབ་ཚགས་པོ་གཟིགས་འདོད་ཡོད་ན། ཟླ་བ་གཅིག་གཉིས་རྗེས་ལ་བཀའ་ཤག་གི་ལས་བསྡོམས་ཀྱི་དེབ་དཔར་འགྲེམས་ཡོང་གི་རེད། དེ་ཚོ་ཞིབ་ཚགས་པོ་བྱས་ནས་རྩིས་ཀྱི་སྐོར་ཡོད་པ་རེད། ད་ལྟ་ངས་དངུལ་གྱི་གྲངས་ཀ་ཏག་ཏག་ངག་ཐོག་ནས་སྐྱོར་ཐུབ་པ་མི་འདུག
དེར་བརྟེན། ཐོག་མ་གྲོས་ཚོགས་ནང་སྙན་སེང་ཞུ་སྐབས། གྱོང་གུད་ཆེ་བའི་ཚོང་ལས་ཁ་ཤས་ཕྲལ་དུ་སྒོ་རྒྱག་རྒྱུ་ཡིན། དེ་མིན་གཞན་པ་ལོ་ལྔ་དང་བཅུའི་ནང་འགྱུར་བ་གཏོང་གི་ཡིན་ཞུས་པ་རེད། ཡིན་ནའང་ཞིབ་ཚགས་པོ་བལྟས་དུས། གལ་སྲིད་ལོ་ལྔ་དང་བཅུར་བསྒུག་པ་ཡིན་ན། རི་ལུགས་པ་ཐག་པས་མི་འདུམ་ཞེས་པ་དེ་ཡོང་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་རེད་འདུག དེ་བརྟེན། ཛ་དྲག་གི་ཐོག་ནས་ལོ་གཉིས་ཀྱི་ནང་གཙང་མ་མ་བྱས་རང་བྱས་ཆགས་པ་རེད། དེ་ཚོ་ཡང་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་གར་གཞུང་གིས་མ་རྩ་ཕྱིར་འཐེན་བྱེད་སྟངས་ཀྱི་རིག་པའི་གཞུང་ལུགས་ཐོག་ནས་སློབ་སྦྱོང་བླངས་སྟེ་བྱས་པ་རེད། ཁྱེད་རང་གི་དྲི་བ་ལས་དོན་གྲགས་ཤོས་ག་རེ་བྱུང་ཡོད་ཟེར་དེར། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་དོན་ནང་གི་ལས་དོན་གཟེངས་སུ་ཐོན་པ་དེ་ཚོར་བརྩིས་ན་འགྲིག་གི་རེད། ད་ལྟའི་ཆར་བུ་ལོན་སྤྲོད་མི་དགོས་པ་དང། མི་མང་གིས་ཡིད་ཆེས་བྱས་ཏེ་བཅོལ་བའི་དངུལ་དེ་བུན་ནག་གི་ནང་དུ་མ་འཐིམ་པ་དེ་བསམ་བློའི་ནང་བདེ་པོ་རེད། ད་ལྟའི་གནས་སྐབས་ཀྱི་དཔལ་འབྱོར་དེ་གཙང་མ་རེད། དངུལ་ནག་པོ་དང་། ཁྲིམས་འགལ། ཁྲལ་རྐུ་བྱས་པ། རྩིས་ཁྲ་རྒྱབ་མདུན་གཉིས་བཞག་པ་བཅས་ཡོད་པ་མ་རེད། བདེན་པ་དང་འཚེ་བ་མེད་པ་ལ་གཞི་བཅོལ་བའི་དཔལ་འབྱོར་ཞིག་རེད། སུ་གང་ལ་ཞེད་སྣང་དགོས་པ་མ་རེད། ཡུལ་ཁྲིམས་ལ་ཞེད་སྣང་དགོས་མ་རེད། གནས་ཚུལ་གཙང་མ་ཡོད་པ་དང་། ད་ལྟའི་མ་དངུལ་རྩ་འཛུགས་ཀྱི་སྐྱེད་ཀ་དང་། དང་བླངས་དཔྱ་དངུལ་དེ་གཉིས་པོ་ང་ཚོའི་གཏན་འཇགས་ཡོང་བབས་རེད། འདི་གཉིས་ཀྱིས་གཞུང་གི་རྒྱུན་གྲོན་ཧ་ལམ་འདང་བ་ཆགས་བསྡད་ཡོད་རེད། འཆར་གཞིའི་ཐོག་ལ་གཏོང་རྒྱུའི་དམིགས་བཀལ་ཟེར་བ་འདི་དངུལ་རག་ན་ལས་གཞི་ལག་ལེན་བསྟར་རྒྱུ་རེད། དངུལ་མ་རག་ན་ལས་གཞི་ལག་ལེན་བསྟར་རྒྱུ་མེད་པ་རེད། དེ་མ་གཏོགས་པའི་རྒྱུན་གཏན་ཕོགས་རྒྱག་རྒྱུ་དང་ལས་ཁུངས་སོ་སོའི་ཉིན་རེ་ཉིན་རེ་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། དངུལ་དེ་མེད་པ་ཡིན་ན་ལས་ཁུངས་སྒོ་ཐེབས་ཀྱི་རེད་ཟེར་བའི་གནས་སྟངས་དེ་མེད་པ་རེད། དང་བླངས་དཔྱ་ཁྲལ་ཡང་ཉུང་དུ་འགྲོ་ཡི་མ་རེད་བསམ་གྱི་འདུག རྩ་འཛུགས་མ་དངུལ་གྱི་སྐྱེད་ཀ་ཡང་གང་ཡོད་པ་དེ་རིང་སྡོད་ཀྱི་རེད་མ་གཏོགས་ཉུང་དུ་འགྲོ་བ་གང་ཡང་མེད་པ་རེད། འདི་གཉིས་ཀྱི་ཐོག་ནས་རྒྱུན་གྲོན་འདང་བའི་གོ་སྐབས་སླེབས་ཡོད་པ་རེད། དེར་བརྟེན། དཔལ་འབྱོར་རང་ཚུགས་ཐུབ་པ་ལ་ཆ་བཞག་ན་སྐྱོན་མེད་པ་རེད་བསམ་གྱི་འདུག
སྐྱེ་ལྡན་སོ་ནམ་ཞིང་ལས་སྐོར་གྱི་དྲི་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ལན་འདེབས་གནང་དོན་དོན། སྐྱེ་ལྡན་སོ་ནམ་གྱི་སྐོར་ལ་དྲི་བ་སླེབས་པ་རེད། སྐྱེ་ལྡན་སོ་ནམ་གྱི་ཐོག་ལ་ཕེབས་པ་ཡིན་ན་ཕེབས་པ་རེད། མ་ཕེབས་ན་མ་ཕེབས་པ་རེད་མ་གཏོགས། བཙན་དབང་བྱས་ནས་ཕེབས་དགོས་རེད་ཅེས་ཞུ་ཡི་ཡོད་པ་མ་རེད། དཀའ་ལས་ཁག་པོ་ཡོད་པ་རེད་གསུངས་པ་རེད། དཀའ་ལས་ཁག་པོ་རེད། དཀའ་ལས་ཁག་པོ་མེད་པའི་ལས་ཀ་གཅིག་ཀྱང་ཡོད་པ་མ་རེད། རྫས་འགྱུར་གྱི་སོ་ནམ་པ་བྱེད་མཁན་དེ་ཚོ་ལ་ཡང་དཀའ་ལས་མེད་པ་མ་རེད། དཀའ་ལས་ཡོད་པ་རེད། རྫས་འགྱུར་གྱི་སོ་ནམ་ལ་དཀའ་ལས་གཅིག་ཀྱང་མེད་པ་དང། སྐྱེ་ལྡན་སོ་ནམ་ལ་དཀའ་ལས་ཆེན་པོ་ཡོད་པ་གཅིག་ཡིན་ན། དེ་ལ་ཐུགས་ཁག་མེད་པ་རེད། དཀའ་ལས་ཡོད་པ་འདྲ་འདྲ་ཡིན་པ་གང་ཞིག་ལ་ཕུགས་རྟེན་འཕེར་བ་དེ་དཀའ་ཆེ་བ་ཡིན་ནའང་ཁྱད་པར་གང་ཡང་ཡོད་མ་རེད་བསམ་གྱི་འདུག ལར་ནས་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོས་ག་རེ་བྱས་ནས་དངུལ་མང་པོ་གཏོང་གི་ཡོད་པ་རེད། རོགས་རམ་བྱེད་ཀྱི་ཡོད་པ་རེད་ཅེ་ན། དེ་ཁོ་རང་ཚོའི་ཕུགས་ཀྱི་དམིགས་ཡུལ་རེད།
འཇིག་རྟེན་འདིའི་ནང་ལ་ཡོད་པའི་འགྲོ་བ་མི་འདི་ཚོ་ལྟོགས་ཤི་མ་ཐེབས་པ་ཞིག་དགོས་ཀྱི་ཡོད་ན། ཀེན་སར་གྱི་ན་ཚས་ཚང་མ་མ་ཤི་བ་ཞིག་དགོས་ཀྱི་ཡོད་ན། སྐྱེ་ལྡན་སོ་ནམ་གྱི་ལམ་དུ་ཕྱིན་པ་མ་གཏོགས་གཞན་པའི་ལམ་གང་ཡང་ཡོད་པ་མ་རེད། དེར་བརྟེན། དེ་ཡིན་པ་འདི་ནུབ་ཕྱོགས་པས་ཤོད་ཀྱི་ཡོད་པ་རེད་མ་གཏོགས་ང་ཚོའི་སྐད་ཆ་གང་ཡང་མ་རེད། འདི་ཚང་མའི་ཡོངས་གྲགས་ཀྱི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ད་ལྟའི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་ནང་ལ་སྐྱེ་ལྡན་སོ་ནམ་གྱི་ཐོག་ལ་དམིགས་གསལ་གྱི་འབད་བརྩོན་བྱེད་མཁན་ཞེ་དྲག་མང་པོ་རེད། དེར་བརྟེན། ཁྲོམ་གྱི་ནང་ལའང་སྐྱེ་ལྡན་གྱི་ཟས་འབྲུ་དང། ཤིང་ཏོག རྫས་འགྱུར་རིགས་ཀྱི་དེ་ཚོ་ལས་ཧ་ལམ་ལྡབ་ཙམ་ལྡབ་ཙམ་གྱི་རིན་གོང་ཆེ་བ་བྱེད་པ་དེ་དགོས་མཁོར་མཐོང་ནས་གོང་སྤྲོད་ཀྱི་ཡོད་རེད། དཔེར་ན་ད་ལྟ་ང་ཚོས་སྐྱེ་ལྡན་ལ་མ་ཕྱིན་པར། དཀའ་ལས་ཁག་པོ་འདུག་ཅེས་གཡུག་བཞག་པ་ཡིན་ན། ད་ལྟ་ནས་རྩིས་པའི་ལོ་ལྔ་བཅུའམ། ལོ་དྲུག་ཅུའི་ནང་ནང་ལ་ཅིག་ཟ་དགོས་ཀྱི་སྐྱེ་ལྡན་སོ་ནམ་ཐོག་འགྲོ་རྒྱུ་རེད། ཟ་མི་དགོས་པར་ཤིང་དང་རྡོ་ཟོས་ནས་གྲོད་ཁོག་བརྒྱག་གི་ཡོད་ན་གནས་ཚུལ་ལོག་ག་རེད་མ་གཏོགས། འབྲུ་རིགས་ཤིག་ཟ་དགོས་ཀྱི་ཡོད་ན་སྐྱེ་ལྡན་སོ་ནམ་མ་གཏོགས་འགྲོ་ས་གཞན་མེད་པ་རེད། དེར་བརྟེན། ང་ཚོས་ཤུགས་རྒྱག་དགོས་པ་གང་ཡང་མེད། རང་བཞིན་གྱིས་ག་ལེར་ཚང་མ་དེའི་ནང་སླེབས་འགྲོ་བ་ཞིག་རེད།།
{jcomments on}