གྲྭ་ཀླུ་གཅོད་པར་ཁྲིམས་ཐག་གཅོད་རྩིས་འདུག
བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། དགེ་འདུན་པ་ཁོང་ཕྱི་ཟླ་༣ ཚེས་༡༦ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་སྤྱི་བདེ་ཚན་པས་གློ་བུར་དུ་གསང་སྟབས་ཀྱིས་བླ་བྲང་དགོན་པའི་ཁོང་གི་ཤག་ནས་ཐེངས་གཉིས་པ་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་དགོན་པའི་དགེ་འདུན་པ་དང་། ས་གནས་བོད་མི་ཚོས་ཁོང་ནམ་རྒྱུན་མི་རིགས་ཀྱི་ལ་རྒྱ་དང་བདེ་སྡུག་གི་ཐད་དོ་སྣང་ཆེ་བ་དང་། གནས་ཚུལ་གསར་པ་གོ་ཚད་གཞན་ལ་ལྷག་བསམ་གྱིས་བཤད་མཁན་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཡིན་པར་ཚོད་དཔག་ཙམ་ལས། ད་བར་ཁོང་གང་དུ་ཁྲིད་པ་དང་བཀག་ཉར་བྱས་པ། འཛིན་བཟུང་གི་རྒྱུ་མཚན་སོགས་གསལ་པོ་བྱུང་མེད་པ་རེད།
འོན་ཀྱང་ཟླ་བདུན་པའི་ཚེས་ ༡༠ ཙམ་ལ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་དགོན་པར་ཡོད་པའི་ཁོང་གི་དགེ་ཕྲུག་ལ་ཀླུ་གཅོད་པ་བསྟན་འཛིན་རྒྱ་མཚོ་དངོས་སུ་འཛིན་བཟུང་བྱས་པ་ཡིན། ཁོས་དེ་སྔོན་བླ་བྲང་ཕྱོགས་ཀྱི་ལས་འགུལ་སྣེ་ཁྲིད་པ་བྱས་རྐྱེན་འཛིན་བཟུང་བྱེད་མྱོང་ན་ཡང་། མུ་མཐུད་བོད་ཀྱི་ལོ་སར་དང་། བཀའ་བློན་ཁྲི་པའི་རྒྱལ་ཡོངས་འོས་བསྡུའི་སྐབས། གསུམ་བཅུའི་དུས་དྲན་སྐབས་སོགས་ལ་གསང་བའི་བྱ་འགུལ་སྤེལ་ཐབས་བྱས་བ་དང་། དེ་སྔོན་རྒྱལ་སྤྱིའི་གསར་འགོད་པའི་མདུན་ནས་སྐད་འབོད་བྱེད་མཁན་དང་རྗེས་སུ་རྐྱེན་འདས་ལ་སོང་བའི་དགེ་འདུན་པའི་སྐུ་ཕུང་ཐོག་བོད་ཀྱི་རྒྱལ་དར་བཀབ་ནས་མྱ་ངན་བྱས་པ་སོགས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་ནས་རྒྱལ་ཁྲིམས་ལ་བརྩི་སྲུང་མ་བྱས་པས་རིམ་པས་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བཤད་ཡོད་འདུག། འོན་ཀྱང་དུས་ནམ་ཤིག་ལ་ཁྲིམས་ཐག་གཅོད་རྒྱུ་དང་དུས་བཀག་ལོ་ག་ཚོད་གཅོད་རྒྱུ་ཡིན་མིན་ཐད་གང་ཡང་བཤད་མེད་པ་རེད།
དགེ་འདུན་པ་ཁོ་ཟླ་ ༣ ཚེས་༡༦ཉིན་གྱི་དགུང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་མདོ་སྨད་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་གི་ཁོང་གི་ཤག་ནས་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་པ་ཡིན་པ་དང་། ཀླུ་གཅོད་པ་བསྟན་འཛིན་རྒྱ་མཚོ་ནི་མདོ་སྨད་ཡུལ་གྱི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་དང་། དེ་སྔོན་ལོ་ཤས་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་བཞུགས་ནས། སློབ་གཉེར་བྱས་རྗེས་ཕ་ཡུལ་བོད་ལ་ཕྱིར་ལོག་བྱས་པ་ཞིག་ཡིན་འདུག ༢༠༠༨ ལོའི་བོད་ནང་གི་བོད་མི་ཚོའི་བོད་རང་དབང་ཆེད་སྤེལ་བའི་ཞི་རྒོལ་ཆེན་མོའི་ལས་འགུལ་སྐབས་ཁོང་ཉིད་ས་གནས་དེ་གའི་བོད་མི་ཚོའི་ལས་འགུལ་སྣེ་ཁྲིད་པ་དང་། མི་སྣ་གཙོ་གྲས་ཡིན་པའི་ཉེས་འཛུགས་བྱས་ནས་རྒྱ་ནག་སྤྱི་བདེ་ཉེན་རྟོག་ཚན་པས་འཛིན་བཟུང་གིས་རྒྱུན་རིང་བཙོན་འཇུག་བྱས་ཡོད་པ་རེད།