རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནས་སི་རི་ཡ་ལ་སྐྱོན་བརྗོད།
རྒྱལ་ཚོགས་སྲུང་སྐྱོབ་ལྷན་ཁང་གིས་སྒྲགས་གཏམ་དེའི་ནང་དུ་སི་རི་ཡའི་གཞུང་འབྲེལ་མི་སྣས་གང་ས་གང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བ་དང་མི་སེར་ཚོའི་ཐོག་དྲག་རྒོལ་བྱེད་པ་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དེར་ཚུད་པའི་ཕྱོགས་ཡོངས་ཀྱི་ཚོགས་པ་ཚོས་རྒོལ་ལན་མ་སློག་པར་བཟོད་སྲན་བྱ་དགོས་པ་དང། གཞུང་གི་ལྟེ་གནས་ཁག་ཚུད་པ་བཅས་ལ་འཁོན་ལན་མི་བྱེད་པའི་འབོད་སྐུལ་བྱས་ཡོད་འདུག རྒྱལ་ཚོགས་སྲུང་སྐྱོབ་ལྷན་ཁང་གིས་སི་རི་ཡ་རང་ཉིད་དོན་གྱི་བདག་པོ་ཡིན་པ་དང། རང་གི་རང་བཙན་གྱི་གནས་བབས། ས་ཁུལ་གྱི་བདག་དབང་བཅས་ལ་མུ་མཐུད་དེ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་སྐྱར་བཤད་བྱས་ནས། སི་རི་ཡའི་ནང་གི་ད་ལྟའི་གཉན་འཕྲང་ཅན་གྱི་དུས་དེ་ལས་ཡར་ལངས་ཐུབ་པར་བྱེད་པ་དེ་ནི་ལུང་པའི་ནང་ཆབ་སྲིད་ཀྱི་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་པ་རེད། མི་མང་གི་མངོན་འདོད་དང་ལས་དོན་བཅས་པ་ལ་ཕན་ནུས་ལྡན་པའི་ཐོག་ནས་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་རེད་ཅེས་དང། དེས་རྐྱེན་པས་མི་མང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྫོགས་པ་ལོངས་སྤྱོད་ཐུབ་པ་ཡོང་རྒྱུ་ཡིན་པ་རེད་ཅེས་་བརྗོད་ཡོད་འདུག།
རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁི་མཱན་མཆོག་གིས་སྒྲགས་གཏམ་དེར་ལེགས་གསོའིའཚམས་འདྲི་དང་བསྔགས་བརྗོད་གནང་བ་དང། སི་རི་ཡའི་སྲིད་འཛིན་བྷ་ཤར་ཨལ་ཨ་སྰད་དང་གཞུང་འབྲེལ་མི་སྣས་མི་སེར་ཚོའི་ཐོག་རྒོལ་རྡུང་བྱེད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་དང་། ཡང་ཁོང་གིས་རྒྱལ་ཚོགས་སྲུང་སྐྱོབ་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་བདེ་རྩ་ཚོགས་པ་རྣམས་སི་རི་ཡའི་ནང་དུ་རྟོག་ཞིབ་ཆེད་སྐྱོད་ཆོག་པའི་ཐོངས་མཆན་སྤྲད་དགོས་པའི་འབོད་སྐུལ་བྱས་པ་དེར་འཕྲལ་དུ་ངོས་ལེན་གནང་དགོས་སྐོར་གསུངས་ཡོད་པ་རེད།།