ཨ་རིར་ཁ་ཆེ་དྲག་སྤྱོད་པ་འགོག་ཐབས་གསར་པ།
ཨ་རིའི་སྲིད་འཛིན་ཨོ་བྷ་མའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་སྐུ་ཞབས་ཌེ་ནི་སི་ཨར་མེཀ་ཌོ་ནཱོག་གིས་གསར་འགོད་པ་ཚོར་བརྗོད་དོན། གང་མགྱོགས་སྲིད་འཛིན་ལས་ཁུངས་ནས་ཁྲིམས་གཞི་སྐུལ་འདེད་བྱེད་པའི་གཞུང་ཞབས་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་གོ་རྟོག་རྣམས་ཡག་ཏུ་གཏོང་བའི་ཆེད་དུ་ངོ་སྤྲོད་དཔེ་དེབ་རྣམས་མཁོ་སྤྲོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་དང། ཨལ་ཁེ་དྷ་འཇིགས་སྐུལ་ཚོགས་པ་དང་ཚོགས་པ་དེས་སེམས་འགུལ་ཐེབས་པར་བྱས་པ་ཚོ་ད་དུང་ཡང་ཨ་རི་ལུང་པའི་ནང་དུ་ཉེན་ཁ་ཡོད་པ་རེད། ཨལ་ཁེ་དྷ་ལ་བརྟེན་ནས་ཨ་རི་ལུང་པའི་ནང་གི་ཁ་ཆེ་མི་རིགས་ཚང་མར་སྐྱོན་བརྗོད་བྱེད་མི་ཐུབ་པ་དང། གལ་ཏེ་དེ་ལྟར་བྱས་ཚེ་དེས་ཁོ་ཚོའི་སེམས་ལ་ཕོག་ཐུག་ཕྱིན་ཏེ་དྲག་པོའི་ལས་འགུལ་སྤེལ་བའི་སྐུལ་མ་ཐེབས་སྲིད་པ་ཡིན། དེར་བརྟེན་དེ་ལས་ལྡོག་སྟེ་ཁོ་ཚོ་ནི་འཇིགས་སྐུལ་བར་འཐབ་རྒོལ་བྱེད་པའི་མཐུན་གྲོགས་དུ་རྩི་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།
ཐབས་བྱུས་གསར་པའི་སྒྲགས་གཏམ་དེའི་གླེང་གཞིར་སྲིད་འཛིན་ཨོ་བྷ་མས་བརྗོད་དོན། དམིགས་གསལ་དུ་ཨ་རིའི་ཁ་ཆེ་མི་རིགས་ཚོའི་ཕྲུ་གུ་དང། ནང་མི། ཁྱིམ་མཚེས་བཅས་ལ་ཨལ་ཁེ་དྷ་ནས་རང་གི་ལས་དོན་ནང་གསར་དུ་འཇུག་པར་བྱེད་པའི་དམིགས་རྟེན་འཛིན་གྱི་ཡོད་པར་བརྟེན། ཨ་རིའི་ཁ་ཆེ་མི་རིགས་ཚོ་ལ་ལས་གཞི་དེ་སྔོན་འགོག་ནང་མཉམ་ཞུགས་བྱེད་མཁན་མེད་དུ་མི་རུང་བ་རེད་ཅེས་གསུངས་ཡོད་པ་རེད།།