བོད་མིའི་འབྲེལ་མཐུད་པ་ཉེན་རྟོག་ལས་ཁུངས་སུ་འབོད་འགུག

ཟླ་འདིའི་ཚེས་༥ ཉིན་བལ་ཡུལ་གྱི་བོད་མིའི་འབྲེལ་མཐུད་ལས་ཁུངས་ཀྱི་ངོས་ནས་རྒྱལ་སའི་་Ambassador མགྲོན་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། སྐབས་དེར་བལ་ཡུལ་བོད་མིའི་དངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མས་བརྗོད་དོན། ཉེ་བའི་ཆར་བལ་ཡུལ་ཉེན་རྟོག་པས་བོད་མི་ན་གཞོན་གཉིས་ཀྱིས་བལ་ཡུལ་གྱི་ཕྱི་བསྐྱོད་ལག་ཁྱེར་རྫུན་མ་བེད་སྤྱོད་བྱས་ནས་ཨ་མི་རི་ཀར་བསྐྱོད་ཐབས་བྱེད་བཞིན་པ་ཉེས་འཛུགས་གིས་འཛིན་བཟུང་བྱས་བའི་གནས་ཚུལ་གནས་ཚུལ་བྱུང་བ་དང་། ཁོང་ཚོའི་དངོས་ནས་འབྲེལ་ཡོད་བོད་མིའི་ལས་ཁུངས་ཁག་བརྒྱུད་དངོས་སུ་ཞིབ་བཤེར་ནན་མོ་བྱེད་སྐབས། འཛིན་བཟུང་བྱས་པའི་ན་གཞོན་དེ་གཉིས་ལ་ཡོད་པའི་བོད་མིའི་རང་བཙན་ལག་དེབ་དང་། ངོས་སྦྱོར་ཡིག་གེ་ཚང་མ་རྫུན་མ་ཡིན་པ་དང། ན་གཞོན་ཁོང་གཉིས་བོད་མི་ཡིན་པའི་ར་སྤྲོད་གང་ཡང་མེད་པས། བལ་ཡུལ་དུ་བོད་མི་མ་ཡིན་པས་བོད་མིའི་ལག་ཁྱེར་རྫུན་མ་བཟོས་ནས་ཕྱི་ཕྱོགས་ལ་བསྐྱོད་ཐབས་བྱེད་མཁན་མི་ཉུང་བ་ཡོང་གི་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།

གསར་བསྒྲགས་བྱས་རྗེས་ཚང་མ་ཕྱིར་ལོག་བྱེད་བཞིན་པའི་སྐབས་དེར་བལ་ཡུལ་གྱི་ཉེན་རྟོག་པ་པ་འབྱོར་ཡོད་འདུག དེ་ནས་རིམ་པས་ཉེན་རྟོག་པས་རྩད་གཅོད་བྱས་བ་ལྟར། ཁོང་ཚོ་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུངས་ལ་སོང་ནས་བལ་ཡུལ་བོད་མིའི་དངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་དང་། ལས་དྲུང་བྱམས་པ་དོན་གྲུབ་གཉིས་ཉེན་རྟོག་པས་འདྲི་ཞིབ་ཆེད་ཉེན་རྟོག་ལས་ཁུངས་ལ་བཅར་དགོས་ཚུལ་བཤད་དེ་ཁྲིད་ཡོད་པ་དང་། དེའི་རྗེས་གནས་སྟངས་ད་དུང་ཁ་གསལ་མེད་པ་རེད།

བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ཁོང་ནི་བལ་ཡུལ་ཤར་ཕྱོགས་མཐའ་མཚམས་རྭ་སོའི་ཝ་རྫོང་ཁོངས་ནས་སྐྱེས་བའི་བལ་ཡུལ་གྱི་ཡུལ་མི་ཡིན་པ་དང་། ཟླ་ ༦ པའི་ཚེས་ ༡༧ ཉིན་བལ་ཡུལ་བོད་མིའི་དྭངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པའི་ལས་འགན་བཞེས་ཡོད་པ་རེད། ཁོང་གིས་ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་ནང་ཕྱག་ལས་གནང་མྱོང་མེད་ན་ཡང་། བལ་ཡུལ་བོད་མིའི་གནས་སྟངས་ཁག་གང་མཚམས་རྒྱུས་མངའ་ཡོད་པ་རེད་འདུག