དཀར་མཛེས་རྫོང་དུ་བོད་རང་བཙན་གྱི་སྐད་འབོད།

ཟླ་འདིའི་ཚེས་ ༥ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༧ ཚེས་༢༩ ཉིན་རྒྱབ་བོད་ནང་ཆུ་ཚོད་དང་པོ་ཡས་མས་སུ་དཀར་མཛེས་ནས་ཡིན་པའི་ཕ་ཚེ་དབང་མགོན་པོ་དང་མ་དབྱངས་མཚོ་གཉིས་ཀྱི་བུ་རང་ལོ་ ༢༥ ཡིན་པའི་བློ་བཟང་དངོས་གྲུབ་ཀྱིས་དཀར་མཛེས་རྫོང་ཁྲོམ་ལམ་དུ་དཔལ་ལྡན་ལྷ་མོའི་སྐུ་པར་དང་། ༸གོང་ས་མཆོག་གི་སྐུ་པར་འཕྱར་ནས་བོད་ལ་རང་བཙན་མྱུར་ཏུ་ཐོབ་པར་ཤོག ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པ་དང་། བོད་དོན་སྐོར་གྱི་ཡིག་ཆ་མང་པོ་གང་སར་གཏོར་བཞིན་ཁྲོམ་སྐོར་བྱས་ཡོད་འདུག ཡིན་ནའང་དུས་ཡིན་རིང་པོ་མ་འགོར་བར་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཉེས་རྡུང་བྱས་ཁྲིད་དེ་ད་ལྟའི་བར་གློད་གྲོལ་ཐོབ་མེད་པ་རེད།

འབྲེལ་ཡོད་སྤུན་ཉེ་ཞིག་གིས་གནས་ཚུལ་རྩད་གཅོད་བྱས་པ་ལྟར་ན་དེང་སྐབས་བློ་བཟང་དངོས་གྲུབ་ཁོང་དཀར་མཛེས་ས་གནས་ཉེན་རྟོག་བཀག་ཉར་ཁང་དུ་ཡོད་པ་དང་། ཉེས་རྡུང་དྲག་པོ་བཏང་ཡོད་འདུག ཡིན་ནའང་ཛ་དྲག་སྨན་ཁང་ལ་སྐྱེལ་དགོས་པའི་གནས་ཚུལ་བྱུང་མི་འདུག་ཅེས་དང་།  ཁོང་གི་ཕ་མ་གཅིག་པའི་སྤུན་བློ་དགའ་ཞེས་པ་ཞིག་ཀྱང་ ༢༠༠༨ ལོའི་ཞི་སྒོལ་ཆེན་མོའི་སྐབས་མཉམ་ཞུགས་བྱས་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ད་ལྟ་གློད་གྲོལ་བཏང་ནས་ཟླ་ ༥ ཙམ་ལས་ཕྱིན་མེད་པ་རེད་ཅེས་མཻ་སོར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་ཚེ་རིང་གིས་འབྲེལ་བརྗོད་བྱས་སོང་།།
མེ་སོར་གསར་འགོད་པས།