སུ་ཇཱ་བོད་ཁྱིམ་གྱི་སློབ་མ་ཞིག་རྐྱེན་ལམ་དུ་བཏང་བ།
རྐྱེན་འདས་སུ་གྱུར་པའི་སློབ་ཕྲུག་དེ་ནི་བོད་ནས་གསར་དུ་འབྱོར་ནས་ཟླ་བ་བཞི་ལྔ་ཞིག་ལས་སོང་མེད་པ་དང་། ཕ་ཡུལ་ཁམས་ཏྲེ་ཧོར་བྲག་མགོ་རྫོང་ཁོངས་ཏྲེ་བོ་མཚོ་མགོ་ནས་ཡིན་འདུག ཁོང་གིས་ཐ་མག་འཐེན་ནས་སྒྲིག་ལམ་འགལ་བ་ཐེངས་གཉིས་པ་ཆགས་ཡོད་པ་དང་། སྐབས་དེར་རྒན་བདག་གཉིས་ཀྱིས་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་བརྗོད་པའི་སྐབས་སློབ་ཕྲུག་དེས་ལག་པ་གཉིས་ཀ་གློ་ཁུག་ནང་བཅུག་ནས་ཡ་ལན་མ་བྱས་པར་བརྟེན། རྒན་བདག་གཅིག་གིས་སློབ་ཕྲུག་དེར་འགྲམ་ལྕག་ཅིག་གཞས་པས། སློབ་ཕྲུག་དེས་ཀྱང་རྒན་བདག་གི་སྟོད་གོས་ལ་འཐམས་ནས་འཐེན་ཡོད་པ་དང་། རྒན་བདག་གཅིག་སློབ་ཕྲུག་དེའི་རྒྱབ་ཏུ་འཇུས་ཤིང། རྒན་བདག་གཞན་དེས་སློབ་ཕྲུག་དེ་ལ་མདུན་ནས་རྡུང་རྡེག་བཏང་བ་བཅས་རྒན་བདག་གཉིས་ཀས་རུབ་རྡུང་བྱས་པའི་ཚེ་སློབ་ཕྲུག་དེ་སར་འགྱེལ་ནས་དྲན་པ་འཐོར་ཡོད་པ་རེད། སློབ་མ་ཁག་ཅིག་གིས་སློབ་ཕྲུག་དེ་སློབ་གྲྭའི་སྨན་ཁང་དུ་ཁྱེར་ཡོད་ནའང་། སློབ་གྲྭའི་སྨན་ཁང་དུ་སྨན་གཡོག་མ་གཏོགས་སྨན་པ་མེད་པས་སྐྱོབ་ཐུབ་ཐབས་མེད་པ་དང། སྨན་ཁང་གཞན་དུ་སྐྱེལ་དགོས་པས་སྨན་ཁང་དུ་སྐྱེལ་མཁན་སྨན་གཡོག་གཞན་ཞིག་ཡོད་པ་དེ་སླེབས་རྒྱུར་ཡང་དུས་ཚོད་ཅུང་ཙམ་འགོར་ཡོད་འདུག མཐར་བྷི་ཇི་ན་ཐ་རུ་ཡོད་པའི་སྨན་ཁང་ཞིག་ཏུ་སླེབས་ནས་བརྟག་དཔྱད་བྱེད་པའི་སྐབས་སློབ་ཕྲུག་དེ་གྲོངས་ནས་ཆུ་ཚོད་ཕྱེད་ཙམ་འགོར་ཟིན་འདུག
གནས་ཚུལ་དེ་ཤེས་རྟོགས་བྱུང་བ་དང་དྷ་ས་ནས་སློབ་ཕྲུག་འདས་པོ་དེའི་ཕ་ཡུལ་གཅིག་པ་ཁག་ཅིག་གནས་ཚུལ་ཤེས་རྟོགས་བྱེད་སུ་སོང་ཡོད་པ་དང། ཕྱི་ཚེས་༧ ཉིན་སློབ་ཕྲུག་དེའི་ཕ་མ་གཅིག་པའི་སྤུན་མཆེད་ཅིག་དང་། ཞང་པོ་བཅས་གྲྭ་པ་གསུམ་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་ནས་གནམ་གྲུ་བརྒྱུད་འབྱོར་ཡོད་པ་རེད། སློབ་གྲྭའི་འབྲེལ་ཡོད་རྣམས་ལ་གོ་བསྡུར་བྱས་པ་བརྒྱུད་པ་མཐར་སློབ་གྲྭའི་ངོས་ནས་སླད་ཕྱིན་རྒན་བདག་རྣམས་ཀྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་མི་ཆོག་པ་དང་། ད་ལྟའི་འབྲེལ་ཡོད་རྒན་བདག་གཉིས་སློབ་གྲྭ་ནས་ཕྱིར་འཕུད་བྱེད་རྒྱུ་སོགས་ཀྱི་ཐག་གཅོད་བྱས་ཡོད་ཚུལ་བརྗོད་པར། འདས་པོའི་ནང་མིས་རྒན་བདག་གཉིས་ཕྱིར་འཕུད་བྱས་ནས་ཕན་ཐོགས་མེད་པར་སློབ་གྲྭར་མུ་མཐུད་སྡོད་བཅུག་དགོས་ཤིང་། ལོ་གཅིག་རིང་ཉིན་ལྟར་ཞལ་འདོན་འཚོག་པའི་སྐབས་ཕྱག་འཚལ་དགོས་པའི་ཉེས་ཆད་གཏོང་དགོས་ཚུལ་བརྗོད་པ་བཞིན། ཐག་གཅོད་ཀྱང་དེ་ལྟར་བྱུང་ཡོད་ཚུལ་འདུག
སྤྱིར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་རྒན་བདག་བུ་དང་བུ་མོ་རྣམས་ཀྱིས་སློབ་ཕྲུག་ནོར་འཁྲུལ་ཤོར་མཁན་རྣམས་ལ་ཉེས་རྡུང་གཏོང་བའི་ལུགས་སྲོལ་འདི་ཤུགས་ཆེ་ཡོད་པ་དང་། དམིགས་ཡུལ་ནི་སྒྲིག་འཛུགས་ལག་བསྟར་ཚོགས་ཆུང་སོགས་སློབ་གྲྭའི་དགེ་རྒན་རྣམས་ལ་རྩིས་སྤྲོད་བྱས་ན་སློབ་གྲྭ་ནས་ཕྱིར་འཕུད་བྱེད་དགོས་པའང་ཡོང་གི་ཡོད་པས། གོང་རིམ་ལ་རྩིས་འབུལ་མ་དགོས་པར་གཤམ་ནས་ཐག་གཅོད་ཡོང་ཐུབ་པའི་ཆེད་རྒན་བདག་རྣམས་ལ་གོང་རིམ་ནས་མར་སྤྲད་པའི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་འདུག
སུ་ཇཱ་བོད་ཁྱིམ་ལ་མཚོན་ན་ཕྲུ་གུ་མང་ཆེ་བ་ཆེན་པོ་འབའ་ཞིག་ཡིན་པས་རྒན་བདག་གིས་ནང་ཁུལ་ཉེས་རྡུང་གཏོང་བའི་སྐབས། ཕན་ཚུན་ཁ་ལན་སློག་པ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་དང་དེ་ལ་བརྟེན་ནས་རླུང་ལངས་ཏེ་ཉེས་རྡུང་ཚོད་མེད་གཏོང་ཤོར་བའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ཞིག་རེད། དཔེར་ན་ལོ་ཤས་སྔོན་རྒན་བདག་ཅིག་གིས་སློབ་ཕྲུག་ཅིག་ལ་ཉེས་རྡུང་བཏང་བ་སེམས་ཀྱིས་མ་བཟོད་པར། མཚན་མོ་སློབ་ཕྲུག་དེས་འཁོན་ལན་སློག་ཆེད་རྒན་བདག་ལ་གྲིས་མང་པོ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་ཀྱང་། རྒན་བདག་རྣམས་ཀྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་རྒྱུའི་ལུགས་སྲོལ་དེར་ད་བར་འགྱུར་བ་བཏང་མེད་པ་རེད།།