དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངས་རྩིས་སྤྲད་པ་རེད།

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན།dalai lama_8_8_2011 དེ་རིང་གི་ང་ཚོའི་ཉི་མ་འདི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་བྱས་ན་ལོ་ཉིས་སྟོང་ལྷག་ཕྱིན་པའི་ནང་ནས་དམིགས་བསལ་ཞིག་ཆགས་པ་རེད། བོད་མི་རིགས་དེ་སྔར་ཆོས་རྒྱལ་ཚོའི་དེའི་དུས་དེའི་སྐབས་ནས་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཆོས་རྒྱལ་ཚོའི་དབུ་ཁྲིད་འོག ཆོས་སྲིད་གང་ཅིའི་ཐོག་ཁྱིམ་མཚེས་ཚོ་དང་བསྡུར་ན་རྗེས་ལས་མིན་པ་ཞིག་ཕལ་ཆེར་བྱུང་བ་རེད། དབུ་ཁྲིད་ཀྱི་བྱེད་སྒོ་དེ་ཚོ་ཡག་པོ་གྲུབ་པ་རེད། ད་ལྟ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་སླེབས་ཡོད་པ་རེད། དུས་རབས་ཉི་ཤུའི་ནང་འཛམ་གླིང་དུ་འགྱུར་བ་མང་པོ་ཕྱིན། གནས་དུས་གསལ་པ་རེད། དེར་བརྟེན། ངས་ལོ་ཡུན་དེའི་རིང་རིམ་པས་ང་ཚོས་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། དེ་འདྲའི་གནས་སྟངས་འོག ཕྱི་ནང་སུས་བལྟས་ནའང་ཐམས་ཅད་མཐུན་སྣང་གིས་གྲུབ་བསྡད་པའི་ང་ཚོ་བཙན་བྱོལ་དུ་གནས་བསྡད་ཡོད་ནའང་། ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ། ད་ལྟའི་གནས་སྟངས་དེ་སྲིད་སྐྱོང་ཆགས་ཡོད་པ་རེད། ད་ལྟ་བཀའ་ཤག་གི་གསུང་བཤད་ནང་ཡོད་པ་བཞིན།  བོད་པའི་ཐ་སྙད་དེ་སྔོན་ནས་ཡོད་པ་རེད། ཉིན་མོ་འདི་ཐད་ཀར་འོས་བསྡུ་བྱེད་མཁན་གྱི་བཙན་བྱོལ་བ་ཚོས་སྤོབས་པ་སྐྱེ་དགོས་པ་དང་། dalai lama2_8_8_2011སེམས་གཏིང་ནས་རྗེས་སུ་ཡི་རང་དང་འབྲེལ་བའི་ཐོག་དགའ་སྤྲོ་སྐྱེ་དགོས་པ་ཞིག་ཆགས་ཡོད་པ་རེད།  དེ་བཞིན་བོད་ནང་དུ་ཡོད་པའི་གཞིས་ལས་རྒྱ་ཆེའི་མི་མང་ལ་འགོ་ཁྲིད་འདེམས་རྒྱུ་ཕར་ཞོག སོ་སོ་སྒེར་གྱི་བསམ་བློའི་ནང་ཚོར་བ་ག་རེ་ཡོད་པ་དེ་ཕྱི་ལ་སྟོན་མ་ཆོག་པ་དང་སྟོན་མ་ནུས་པའི་གནས་སྟངས་འོག་ཏུ་ཡོད་པའི་རྒྱ་ཆེའི་མང་གིས་ཀྱང་། བོད་མི་རིགས་དུས་ཚོད་རྗེས་ཟིན་པའི་ཐོག་ནས་མདུན་བསྐྱོད་བྱེད་ཀྱི་ཡོད་པ་གོ་ཡོང་དུས། ཏན་ཏན་སེམས་ལ་སྤོབས་པ་སྙེད་པ་དང་དགའ་ཚོར་སྐྱེས་པ་ཡོང་གི་རེད་བསམ་གྱི་འདུག ང་རང་སྒེར་ལ་ཆ་བཞག་ན། ང་ལོ་བཅུ་དྲུག་ཡིན་དུས། ང་འཚུབ་པོ་འདྲ་ཡོད་པ་རེད། དཔེ་ཆར་ལྟ་དུས་ལེ་ལོ་བྱས་ནས་བསྡད་ཡོད། དེའི་སྐབས་བོད་ཀྱི་གནས་སྟངས་དཀའ་ངལ་གསར་པ་ཞིག་ཆགས་ནས། རི་ལུགས་པ་ཐག་པས་མི་འདུམ་ཞེས་པ་ལྟ་བུའི་གནས་སྟངས་ཆགས་པ་རེད། སྤྱིར་བཏང་སྐུ་ཕྲེང་བཅུ་གསུམ་པའི་ལོ་༡༨ ཐོག་ཆབ་སིད་ཀྱི་འགན་དབང་ཁུར་པ་རེད་མོད། དུས་ཚོད་ཛ་དྲག་ཆགས་པས། ངས་ལོ་བཅུ་དྲུག་ཐོག་ཆབ་སྲིད་ཀྱི་འགན་ཁུར་པ་རེད། སྐབས་དེར་སྟག་བྲག་རིན་པོ་ཆེ་སྲིད་སྐྱོང་རེད། སྟག་བྲག་རིན་པོ་ཆེའི་མདུན་ནས་ངས་ཆབ་སྲིད་ཀྱི་འགན་དེ་བཞེས། ང་ལོ་༡༦ ནས་༧༦ ལ་སླེབས་པའི་རིང་དུ་དུས་ཚོད་ཧ་ལས་པའི་དཀའ་ངལ་ཆེན་པོ་རེད། ཡིན་ཡང་འཁྱར་འཁྱོར་ངང་བོད་ཀྱི་ཆོས་སྲིད་གཉིས་ཀ་འཛམ་གླིང་ཐོག་ནག་བསུབ་མ་ཐེབས་པ་ཞིག་བྱུང་ཡོད་པ་རེད། དེ་ང་རང་གི་བྱས་རྗེས་ཕྲན་བུ་ཡིན་བསམ་གྱི་ཡོད། དེ་རིང་སྔོན་མ་ང་ཚོ་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་ཀྱི་འོག་ནས་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་བཞེས་པ་དང་། དེ་རིང་དུས་རབས་ཉི་ཤུ་པ་དང་ཉི་ཤུ་རྩ་གཅིག་པའི་ནང་འཛམ་གླིང་གང་སར་འཕེལ་རྒྱས་འགྲོ་བའི་མང་གཙོ་ཟེར་བ་དེ་ང་ཚོས་ཁེ་ཞེ་གཉིས་མེད་ཀྱིས་ལག་ལེན་བྱས་ཏེ། མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངས་རྩིས་སྤྲོད་བཞིན་པ་རེད།

tibetan flag_8_8_2011སངས་རྒྱས་པའི་ཆོས་ཆ་ཚང་གནས་བསྡད་ཡོད་པ་དེ་བོད་པ་གཅིག་པུ་རེད། སངས་རྒྱས་པའི་ཆོས་པ་ཞིག་ཡིན་ན་དངོས་ཡོད་གནས་ཚུལ་དང་མཐུན་པ་བྱེད་དགོས་པ་རེད་མ་གཏོགས། དངོས་ཡོད་མིན་པར་སྔོན་མའི་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་སྐབས་གདུལ་བྱའི་ཁམས་དང་མོས་པར་འཚམས་པའི་ཆོས་སྟོན་གྱི་ཡོད་པ་རེད། འཛམ་གླིང་འདིའི་ཐོག་ཆབ་སྲིད་ཀྱི་འགྲོ་སྟངས་འཕོ་འགྱུར་མང་པོ་འགྲོ་ཡི་ཡོད་པ་རེད། འཛམ་བུ་གླིང་འདི་འཛམ་གླིང་མི་མང་དུང་ཕྱིར་བདུན་ཅུ་ལ་ཉེ་བ་དེར་དབང་གི་ཡོད་པ་ལས། རྒྱལ་པོ་དང་། བླ་མ། དཔོན་པོ་དེ་ཚོར་དབང་ཡོད་པ་མ་རེད། ཡུལ་ལུང་བྱེ་བྲག་པ་སོ་སོར་ཆ་བཞག་ན། ཡུལ་ལུང་དེའི་མི་མང་ལ་དབང་ཡོད་པ་ལས། རྒྱལ་པོ་དང་བླ་ཆེན་ལ་དབང་གི་མ་རེད། བོད་ལ་ཆ་བཞག་ཀྱང་བོད་རྒྱ་ཆེའི་མི་མང་དབང་བ་ལས། བླ་ཆེན་དང་རྒྱལ་རྒྱུད་ལ་དབང་གི་མ་རེད། ཆབ་སྲིད་ཀྱི་དབང་ཆ་དང་འགན་ཁུར་རྒྱུ་དེ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་བྱས་ན་འགྲིག་གི་ཡོད་པ་མ་རེད་ཅེས་ངས་རྟག་པར་ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འགོ་ཁྲིད་བྱས་ན་འགྲིག་གི་མ་རེད་བཤད་བཞིན་དུ། ང་རང་ཆོས་ཕྱོགས་འགོ་ཁྲིད་ཡིན་པའི་ཐོག་ཆབ་སྲིད་ཀྱི་དབང་ཆ་ཞིག་བཟུང་བསྡད་ན། སྐབས་རེར་མ་བདེ་བ་ཞིག་འདུག ད་སྐབས་ང་རང་གི་སེམས་ནང་ཡིད་ཆས་ཡོད་པ་དང་། མི་ལ་བཤད་བསྡད་པ་དེ་དངོས་སུ་ལག་ལེན་བསྟར་ནས་བྱས་པ་ཡིན་དུས། དབང་དང་སྟོབས་ཀྱིས་བཟུང་བསྡད་པ་དང་། ལོ་རྒྱུས་ཀྱི་འགྲོ་སྟངས་ཐོག་ནས་བཟུང་བསྡད་པ་དེ་ཚོའི་དུས་ཚོད་ཡོལ་ཟིན་པ་རེད། དེ་བཞིན་ཆོས་སྲིད་ཀྱི་འགོ་ཁྲིད་སོ་སོར་དགོས་པ་རེད་ཅེས་སྤོབས་པའི་ཐོག་ནས་བཤད་བསྡད་པ་དེ་དངོས་སུ་ལག་ལེན་བསྟར་བ་ཡིན་པས། ངས་མུ་མཐུད་ཤུགས་ཆེན་པོ་བཤད་རྒྱུའི་གོ་སྐབས་བྱུང་བ་རེད། ང་རང་སྒེར་ལ་ཆ་བཞག་ན། དེ་རིང་གི་ཉིན་མོ་འདི་ང་རང་གི་མི་ཚེའི་ནང་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་ལབ་པ་བཞིན། དེ་ཡང་རིང་ནས་སྙིང་དུ་བརྙག་པ་གཅིག་འགྲུབ་པ་རེད།

ཁྱེད་རིང་ཚོས་འོས་བསྡུའི་སྐབས་ལ་ཚང་མས་སེམས་ཁུར་བྱས། དོ་སྣང་བྱས་ཏེ་སོ་སོའི་བསམ་བློའི་ནང་རྡོག་ཁྲེས་ཁུར་ཏེ། ལས་འགུལ་ཚང་མས་ཧུར་ཐག་བྱས་སོང་། མཐའ་མར་དེང་དུས་ཀྱི་ཤེས་ཡོན་ཚད་མཐོན་པོ་ཡོད་པའི་མི་ཞིག་འོས་འདེམས་བྱས་པ་རེད། མི་མང་གིས་ད་ལྟ་བར་ཧུར་ཐག་བྱས་སོང་། ཐུགས་རྗེ་ཆེ།

སྲིད་སྐྱོང་བློ་བཟང་སེང་གེ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགན་དབང་ཆ་ཚང་ཡོད་པའི་མི་དང་པོ་ཆགས་ཡོད་པ་རེད། དོ་བདག་ནས་ལྷག་བསམ་རྣམ་དག མངོན་ལྐོགས་མེད་པའི་ཐོག་ནས་འགོ་ཁྲིད་རྒྱུ་རེད། གྲོས་ཚོགས་འཐུས་མི་རྣམ་པ་དང་། འཛིན་སྐྱོང་གི་ལས་བྱེད་རྣམ་པ། ཚོགས་པ་སྐྱིད་སྡུག་ཁག།མི་མང་ཚང་མར། སོ་སོར་རྒྱུ་མཚན་ལྡན་པའི་སྐྱོན་འདོན་ཡོ་བསྲང་བྱེད་རྒྱུ་ཡོད་ན། གནས་ཚུལ་ཐ་དད་རེད་མ་གཏོགས། ཚང་མས་སྤྱི་དེ་གལ་ཆེན་པོར་རྩིས། དེ་མིན་སོ་སོ་སྒེར་དང་ཤོག་ཁག་དོན་དག་ཆེ་སར་ཡར་སྤྲད་པ། ཆེ་སར་བྱེ་བྲག་པ་ཞིག་སླེབས་པ་དེ་འདྲ་བོད་པ་གཅིག་པུ་མ་རེད། འཛམ་གླིང་གང་སར་ཡོང་གི་འདུག ཁ་ཉིན་ཨ་མི་རི་ཀར་བཤད་རྒྱུ་བྱུང་། སྲིད་དོན་གྱི་ཚོགས་པ་སོ་སོའི་མཐོང་དེ་རིམ་པ་གཉིས་པ་རེད། དང་པོ་དེ་ཨ་རིའི་སྤྱིའི་གནད་དོན་རེད་ཅེས་བཤད་པ་ཡིན། ང་རང་ཚོས་དེ་བཞིན་བྱེད་དགོས། སྤྱི་པར་བསམ་བློ་གཏོང་དགོས་པ་ལས། སོ་སོའི་མིང་དང་སྡོད་དབང་དེ་འདྲ་རྐྱང་རྐྱང་ལ་བསམ་བློ་བཏང་ན་ཡོང་གི་མི་འདུག ཚང་མས་ད་ལྟ་བར་ཧུར་ཐག་གནང་བ་རེད། ཐུགས་རྗེ་ཆེ། འབྱུང་འགྱུར་ཡང་ནུས་པ་བཏོན་ནས་ང་ཚོ་ཚང་མ་གཅིག་གྱུར་འོག་སྤྱིའི་འདོད་དོན་སྒྲུབ་ཐུབ་པ་ཞིག་ལ་ཐུགས་ཁུར་བཞེས་རོགས།

{jcomments on}