རྗེན་པའི་ཕེབས་སྐྱེལ་དང་རེ་དོགས་བསུ་བ། ད་དུང་ལྷག་པའི་བློ་འགྱོད་བཅས།

རྒྱ་མིའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེང་སང་ལྟ་གྲུབ་ཅིག་གི་གནད་དོན་མ་ཡིན་པར། ཁེ་ཕན་ཤོག་ཁག་གི་འབུ་སྲིན་འཚངས་སའི་རྫབ་དོང་ཞིག་ཆགས་ཡོད། དེར་བརྟེན། ཤོག་ཁག་དེས་ཡོད་ཚད་ལ་བཅོས་བསྒྱུར་གཏོང་ཆོག་མོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་མི་ཆོག་ལུགས་བརྗོད་ཀྱི་ཡོད་ལ། དེ་བཞིན་འདི་གར་ཡང་གནམ་ས་བླ་འོག་བརྗེ་ཆོག་ཀྱང་། ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་ཟེར་བ་ཡག་རྟགས་ཤིག་མིན།

སྲིད་པའི་ཁམས་འདིར་ཅི་ཡང་སྲིད་ལ་ཅི་ཡང་ཆོག  ལོ་བཅུ་འདིའི་ནང་ཚུན་ལ་རྒྱ་ཆེ་སར༼༌༌༌་་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་༽གྲོས་ཚོགས་ལ་མ་བསྟན་པར་རྒྱ་མིར་སྤྲད་པ།  མང་ཚོགས་ཀྱི་རེ་འདུན་ལ་མ་བལྟས་པར་བོད་གཞུང་གི་མིང་བྱང་བརྗེ་བ། གཞུང་གཉེར་ཁེ་ལས་ཚང་མ་ལྟ་གྲུབ་དང་མ་མཐུན་ན་ནང་ཁུལ་བརྒྱུད་ཚོང་བྱས་ཆོག་པ། ལྷ་འདྲེ་གདོན་འགེགས་རྩ་མེད་བྱ་ཆེད་གཞུང་རྒྱུ་བཏང་ནས་ལས་འགུལ་སྤེལ་བ། ད་དུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་པ་དང་། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་སོགས་་༌༌༌༌མི་ཆོག་པ་ཞིག་མེད་པ་མཐོང་གསལ་རེད། ཁ་གསེང་ན། ལོ་བཅུ་ནི་ལམ་དབུ་མ་ནས་བོད་དོན་བཤད་པ་དང་། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་སོན་པའི་ལོ་བཅུ་མ་ཡིན་པར། དེ་ལས་ལྡོག་ཏེ་གནམ་ས་གོ་འབྱེད་བྱས་ཤིང་། དེ་ཡི་མཇུག་འབྲས་སུ་བཀའ་ཤག་གིས་ཁྱོན་ཡོངས་ནས་ལམ་དབུ་མ་འདི་བཞིན་དབང་བསྒྱུར་གྲལ་རིམ་ཀྱི་ཁེ་ཕན་ངོ་བོ་ཁོ་ནར་བསྒྱུར་བའི་ལོ་བཅུ་ཡིན།  དེར་བརྟེན་ཆུ་སོང་ཡང་ཟམ་འདུག་དགོས་ལ། བཀའ་ཁྲི་ཟམ་གདོང་གི་ལས་ཡུན་རྫོགས་ནས་འགྲོ་དགོས་ཀྱང་། ལམ་དབུ་མའི་ཡོལ་བའི་འོག་གི་སྐུ་དྲག་གསར་རྙིང་རྣམས་འཚོ་དགོས་སྟབས། ལམ་འདིར་ད་དུང་ཅང་བཤད་མི་རུང་ལ། དེར་ཅིག་བཤད་ན་༸རྒྱལ་བ་རིན་པོ་ཆེ་དགོངས་གཞི་ཡིན་པར་ཁ་གཡར་ནས་དཀྲོགས་རྐྱེན་སློང་ཆོག་ཆོག་ཡིན།

གོ་སྐབས་སྣ་ཚོགས་ཀྱི་ཟུར་མཇལ་དེ་དག་བསམ་ཚེ། གནམ་ཟམ་གདོང་ལ་དབང་བའི་འོག་གི་ལོ་བཅུ་འདི་ཐུང་སྐྱོན་མེད་འགྲོ༌༌༌༌༌   ཡིན་ནའང་། ལོ་བཅུ་འདིའི་ནང་ཆབ་སྲིད་བསམ་བློའི་ཁྱབ་ཁོངས་ལ་ལྷ་སྒྲུང་ལག་ཆར་སྤེལ་བ་དང་།  བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་བརྟེན་མཁན་ལས་ཀྱང་ཉེན་ཁ་ཆེན་པོ་རེད་ཟེར་ནས་དྲིལ་བསྒྲག་པ།  གཞུང་ཞབས་རྣམས་ཚོགས་སྐྱིད་ཁག་གི་ལས་འགུལ་ནང་ཞུགས་མི་ཆོག་ཁར། གཞུང་དང་ལྟ་བ་མི་མཐུན་སར་ཞལ་འདེབས་ཡན་ཆད་སྤྲོད་མི་ཆོག་པའི་བཀོད་ཁྱབ་བཏང་ལུགས་སོགས་༌༌༌༌ནང་མཚང་བཤད་དགོས་བྱུང་ན། ངོ་མ་རྟ་ལམ་བོང་བུའི་འགག་པའི་ལོ་བཅུ་བོ་རིང་དྲགས་སོང་ཡཱ༌༌༌༌༌༌༌ 
འོན་ཏེ། སྤྲེལ་ལད་ཀྱི་སྤྱི་ཚོགས་འདི་བས་བདག་གཞན་ཉིས་ག་སྤྲེལ་ལད་ཀྱིས་འདྲ་ཆགས་ཤིག་བཟོ་ཆེད།   གྲུབ་འབྲས་མེད་སར་གཟེངས་བསྟོད་བདག་སྐྱེལ་ནི་ཡོད་ཡོད་པ་ཡིན་ལ།   དེ་ཡིས་རེ་ཞིག་གཟེངས་སུ་བསྟོད་མཁན་དང་བསྟོད་པ་བཞེས་མཁན་ཉིས་ཆར་བཟི་ཁ་མངར་མོ་རེ་སྤྲོད་སྲིད་མོད།  མཚན་རིང་སྒྲུང་གིས་མི་འཁྱོལ་ཞིང་། ལོ་རྒྱུས་ནི་ག་དུས་ཡིན་ཡང་ར་བཟི་ནས་དྭངས་རྒྱུ་མེད་པ་ཞིག་མིན།  མ་གཞི་བླ་མ་ཟམ་གདོང་ཡང་མི་གྲུང་བོའི་གྲས་རེད་ལ། ཁོ་བས་གྲྭ་བས་ཆབ་སྲིད་སྐྱོང་ན་མི་སྐྱ་ཕལ་བ་ལས་ལྷག་ཅིག་དགོས་སྐོེར་བརྗོད་མྱོངས་ཀྱང་། སོ་སོ་རང་ཐོག་ལ་བབ་ཚེ་མིག་སྔའི་ཁེ་ཕན་ཙམ་དང་ངོ་གདོང་འདྲ་ཆགས་ཤིག་སྲུང་ཆེད། མི་གཤིས་གཏའ་མར་བཞག་པ་ཙམ་མ་ཟད། མཐར་བཟང་སྤྱོད་ཀྱང་བརླགས་སྟེ། ད་ཆ་གཟུགས་སྐུ་རྗེན་པ་ཁྲི་ལས་གཤོལ་སྐབས་འདིར་གཅིག་བྱས་ན་སེམས་པ་གྲང་ཤུར་ཤུར་ཡིན་སྲིད། སོང་ཙང་ཁོང་གིས་༼ངའི་ད་བར་ཁྲི་བྱང་རྡོ་རྗེ་འཆིང་གི་བཀའ་སྒྲུབ་པ་ལས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་གང་ཡང་སྒྲུབ་མྱོངས་མེད་༽ཟེར་ནས། སྐད་ཆ་ཆེན་པོ་ཞིག་གིས་ལོ་རྒྱུས་ལ་ཀུ་རེ་རྩེད་སྲིད་མོད། རྩེད་མོ་དེ་ཕྱིར་རང་མགོར་ལྷུང་རྒྱུ་ཉག་གཅིག་ཡིན། རྒྱུ་མཚན། ཁོ་བས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བྱ་རྒྱུ་ཡོད་མདོག་མདོག་གིས་མནའ་གན་དམ་འབུལ་བྱས་བ་ལོས་ཡིན།

༼གཉིས ༽རེ་དོགས་ཀྱི་བསུ་མ།
༌༌༌༌༌ ངས་༼གསར་གཏོད་དང་། རང་མགོ་རང་ཐོན། ༌༌༌༌༌༌༌   ༽ བཤད་བསྡད་ཡོད་མོད། དེ་གསུམ་ཀ་བཀའ་ཁྲི་ཟམ་གདོང་གིས་གནང་ཚར་འདུག་ཅེས། ཁྲི་གསར་ཁྲི་ལ་མ་བྱོན་གོང་དམ་བཅའ་ཕུ་ཐུང་ནང་ནས་ཞུགས་དོན་ཅི་རེད། ཉི་མ་འགའ་ལས་ཕྱིན་མེད། ཕོ་གསར་སྟག་འདྲ་བོ་དེ་མྱུར་མོ་ཉ་ནང་བཞིན་ཞིག་ཆགས་འདུག་ཟེར་ན་བློ་མི་བདེ་བའི་ཚད་རེད།  མ་གཞི་ཁྱོད་ལ་ཁག་ཡོད་རྒྱུ་མ་རེད། ཁེ་ཕན་རིང་ལུགས་ཀྱི་དཀྱིལ་འཁོར་ནང་དངོས་སུ་ཞུགས་དུས། གཞུང་ལུགས་ལ་མཁས་དང་མི་མཁས།  ཕོ་གསར་རྫིག་མི་རྫིག་སོགས་ཀྱིས་ཅི་གང་མི་ཕན། གཙོ་བོ་མི་རེ་ངོ་རེར་ཟ་རྒྱུ་ཞིག་མ་རག་ཕྱིན་༌༌༌༌

དེ་སྔོན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་བཙན་རྩོད་མཁན་གྱི་བཀའ་ཁྲི་ཞིག་ཡོང་ན། གཞུང་དང་། ཁོ་རང་སྒེར་གཉིས་ཆར་དཀའ་ངལ་འཕྲད་ཀྱི་རེད་ཟེར་ནས་འཇིགས་སྐུལ་བྱས་སོང་ལ །  དེ་བདེན་ཐག་ཆོད་ཡིན། ཁྲི་གསར་ཚང་གི་མདུན་གྱི་ནམ་མཁའ་ན་༸རྒྱལ་བ་ཡིད་བཞིན་ནོར་བུ་དང་ཟམ་གདོང་སྣང་སྲིད་ཟུར་གནོན་ལྟ་བུ་ལྷ་ཞལ་ཞི་ཁྲོ་གཉིས་ཀྱིས་མར་གཟིགས་ཡོད་ལ། དེ་ཡི་གཡས་དང་གཡོན་ན། ཚོགས་གཙོ་སྤེན་ཚེ་ནང་བཞིན་གནས་ལུགས་རྗེན་པར་བསྟན་ན་མི་གོ་བར། དད་པ་དག་སྣང་ཁ་ལ་གཟེས་ཤིང་རྒྱབ་ལ་གོན་ནས་འཚོ་བཞིན་པའི་ཨབ་ཕྲུག་ལོང་པ་གང་བས། གདོང་འབག་སྣ་ཚོགས་གྱོན་ཏེ། ཁྲི་གསར་ཚང་གི་སྒོ་སྒེའུ་ཁུངས་ཚང་མའི་ནང་འཚངས་ཡོང་གི་ཡོད་ཙང་། ལྷ་ཚོགས་དེའི་ནང་ཁྱོད་ཕོ་རོག་དཀར་པོ་ཐོན་ས་མེད་ཐག་ཆོད་ཡིན།

མ་གཞི་བོད་ཀྱི་ཨོ་བྷ་མ་སྟེ། སློབ་སྤྱོང་འགྲིག་ཐག་ཆོད་ཡིན་མོད། ཙི་ཙི་རྒྱུག་ལམ་ལས་ཀྱང་གུ་དོག་པའི་རྡ་སའི་སྲིད་སྟེགས་སྟེང་གི་འཁྲབ་ཚན་འདྲ་ཆགས་ཤིག་ཡོང་ཆེད། ཉིད་ཀྱིས་རང་བཙན་གྱི་ལྟ་བ་དགའ་བོ་དོར་ནས་ལམ་དབུ་མའི་ཁེ་ཕན་ཤོག་ཁག་ནང་ཞུགས་པ་ནི། གཅིག་བྱས་ན་ཉིད་ཀྱི་མི་ཚེ་ནང་གི་ནོངས་འགྱོད་ཆེ་ཤོས་ཆགས་ཀྱང་སྲིད་ལ། ཡང་གཅིག་བཤད་ན། བཙན་བྱོལ་ནང་བོད་རང་བཙན་ནས་ལམ་དབུ་མར་ས་ལམ་འཕོས་པ་དང་། དབུ་མའི་དཀྱིལ་འཁོར་ནང་དུའང་རྒྱལ་གླུ་བླངས་ཆོག་པ། རྒྱལ་དར་འཕྱར་ཆོག་པ། ཐ་ན་བོད་རྒྱལ་ཁབ་དང་མི་རིགས་ཟེར་བའི་ཚོང་འདི་འགྲིམ་སར་བརྒྱག་ཐུབ་ཚོད་ཡིན་སྟབས། འཐབ་ཕྱོགས་གཅིག་གྱུར་ཁང་ལྟ་བུ་ཕ་རོལ་བས་ང་ཚོར་དཀར་ནག་གི་དབྱེ་བ་བགར་ཤེས་ཀྱི་མེད་པ་ནང་བཞིན། སྐབས་རེར་སོ་སོ་རང་ཉིད་ཀྱང་མགོ་འཐོམ་གྲབས་རེད། དེ་བཞིན་མི་འགྲོའི་ཆ་ནས་བཤད་ནའང་། བཀའ་ཁྲི་ཟམ་གདོང་ཚང་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་༌༌༌༌སོགས་གཞི་རྐང་གཞོན་ནུ་ནས་བཙུགས་ཀྱང་། མཐར་གཞོན་ལྷན་དང་ལྟ་བ་མཉམ་པོར་གཡུག་ནས་དབུ་མར་བྱོན་པའི་ལམ་འགྲོ་ཅན་ག་ཚོད་དགོས་དགོས་ཡིན་ན། དེ་རིང་ཁྱོད་ལ་མཚོན་ནའང་། རང་བཙན་དོར་ནས་དབུ་མར་ཕེབས་པ་དེར་ལྷམ་གོག་ཅིག་བརྗེ་བའི་སྣང་བ་ཙམ་ལས་ཡོད་མི་སྲིད་ན་ཐང་།
རེད་དེ། འཇིག་རྟེན་བྱ་བ་བཤད་ཚོད་དཀའ་བས། སང་ཉིན་བོད་འདི་ཤི་ཐག་གསོན་ཐག་ཆད་པའི་རྗེས་སུ། ཁྱོད་ཚོའི་གྲས་རང་བཙན་ནང་ཕྱིར་ལོག་དགོས་པ་འདྲ་ཤར་ན།  གྲོགས་པོའི་ཁོག་རྒྱའི་ངོས་ནས་ཡོད་ཚད་ལ་གུ་ཡངས་གཏོང་ཆོག་མོད། ལོ་རྒྱུས་ལ་ནང་ཚགས་མི་འགྲོ་ཙང་། སྐབས་དེར་རྣམ་པ་ཚོས་མཚན་གཞུང་དེ་ཨ་བུ་རག་སྡིས་དང་། ཨ་ཅག་ཚེ་བརྟན་སྒྲོལ་མ། བྱམས་པ་ཕུན་ཚོགས་སོགས་ཀྱི་མིང་གི་ལྐུབས་ཤིག་ལ་འཁོད་དགོས་བྱུང་ཚེ་ག་འདྲ་འདུག དེ་བས་ཉིད་ལམ་ནོར་ལ་ཞུགས་པར་འགྱོད་བཤགས་དང་བཅས་ཕྱི་ལམ་ཤིག་བཙལ་ན་གོ་སྐབས་ཡག་ཤས་རེད།

༼གསུམ༽   ལྷག་པའི་བློ་འགྱོད།

༌༌༌༌སྐུ་མདུན་བགྲེས་ཡོལ་ལ་ཕེབས་པའི་རླབས་ཆེན་ཀྱི་དགོངས་གཞི་འདི་ཡིན་ན། ང་ཚོའི་ཆབ་སྲིད་ཁྱབ་ཁོངས་ཀྱི་རྟོགས་སད་ཐེངས་ཤིག་ཡིན་མོད། ད་ཆ་མི་རེ་གཉིས་ཤིག་གིས་མཛད་དགའ་བོའི་ཁ་ལོག་ལམ་ལ་བསྒྱུར་ཏེ། ཁེ་གྱོང་གང་ཡིན་བཤད་ཚོད་དཀའ་བའི་གནས་སུ་འགྱུར། བལྟས་ཡོང་དུས་སྐུ་མདུན་བགྲེས་ཡོལ་གནང་བ་ནི། བཙན་བྱོལ་བོད་གཞུང་སྒོ་རྒྱག་རྒྱུ་དང་། ཁྱོན་ཡོངས་ནས་རྒྱ་མགོར་འདོགས་རྒྱུའི་སྔོན་འགྲོའི་རོལ་མོར་འགྱུར་བཞིན་འདུག་༌༌༌

སྐུ་མདུན་བགྲེས་ཡོལ་ལ་ཕེབས་པའི་བསྟན་དོན་ནི། དང་པོ། བོད་རྙིང་བའི་ཆོས་སྲིད་ཟུང་འབྲེལ་གྱི་མི་རྗེ་དབང་འཛིན་ལམ་ལུགས་མཇུག་སྒྲིལ་ཏེ།  དུས་ཀྱི་འགྲོས་དང་མཐུན་པའི་དམངས་གཙོའི་ལམ་ལུགས་སྲ་བརྟན་གཏོང་རྒྱུ་དང་། གཉིས་ནས། ཁོང་གིས་༼ང་བགྲེས་ཡོད་ལ་ཕྱིན་པ་དང་མཉམ་པོར། ངོས་ཀྱི་མིང་གནས་རྗེས་འབྲེལ་གྱི་ཡིག་ཆ་སྐོར་ཞིག་རང་བཞིན་གྱིས་རྩིས་མེད་ལ་འགྲོ་སྲིད་པ་རེད༽གསུངས་བ་ནི། རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་ཆེ་བའི་དབུ་མའི་ལམ་ཀྱི་སྲིད་བྱུས་དང་། ཁྱད་པར་དུ་ཟམ་གདོང་སྐབས་ལམ་དབུ་མའི་༼འགྲེལ་གསར༽རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་ཟེར་བ་ཕྱིར་བསྡུ་བྱ་སྲིད་པའི་དགོངས་པ་ཡིན་ཆོག་པ་ལས། གང་གི་མཚན་ཐོག་གི་བཀའ་རྩ་དང་ནང་ཁུལ་ཁྲིམས་སྒྲིག་ཙག་ཙིག་ཚོར་གསུངས་མེད་ཚོད་ཡིན། འོན་ཀྱང་། སྐད་ཆ་ལམ་དབུ་མའི་སྒང་སླེབས་ན། དེ་ནི་མི་ཁག་ཅིག་གི་སློང་བཟེད་ཡིན་སྟབས། སྐུ་མདུན་གྱི་བཀའ་མོལ་གལ་ཆེན་དེ་ཚོ་མ་གོ་མདོག་མདོག་དང་།  མང་ཚོགས་ནང་དེ་འབྲེལ་གྱི་སྐད་ཆ་བྱུང་ས་རེད་བསམ་ནས་ག་ཚོད་འཛེམ་ཀྱིན་འདུག 
རྒྱུ་མཚན་རྡོག་རྡོག་བཤད་ན། རྒྱ་གུང་ཁྲན་གྱི་དཀའ་ངལ་དངོས་ནི། ༸གོང་ས་མཆོག་གཙོས་ང་ཚོ་ལ་ཚུར་རྒྱབ་ཀྱི་ཤོར་མ་སྤར་མོ་གང་བའི་ཕར་མགོ་འདོག་སར་ཡོང་མིན་དང་། འདོག་ལུགས་འདོག་སྟངས་ཅི་ཡིན་སོགས་མ་ཡིན་པར། ལ་ཕར་རྒྱབ་ཀྱི་ས་ཡ་དྲུག་པོ་གན་ཞི་དྲག་གང་གིས་ཀྱང་གཉའ་གཅོག་ཐུབ་ཀྱི་མེད་པ་དེ་རེད་ལ། དེ་བཞིན་གཞིས་ལུས་མང་ཚོགས་ཀྱིས་རྒྱ་མིའི་ཡག་སྡུག་བཤད་ནས། ཡག་ན་རྒྱ་འོག་ནས་འདུག་རྒྱུ་དང་། སྡིག་ཅག་ཡིན་སྟབས་ངོ་ལོག་པ་ཙམ་མ་ཡིན་པར། མི་སེར་སྤེལ་མཁན་གཞུང་གིས་ཡག་སྡིག་གང་བྱས་ཀྱང་རུང་། བོད་རྒྱ་འོག་ནས་འདུག་གི་མེད་ཟེར་ནས་ལངས་ཡོང་གི་ཡོད་སྟབས། འདི་ནས་བཤད་པའི་རང་སྐྱོང་མངོན་འདོད་ཟེར་ན་འདྲ། མགོ་འདོག་རིང་ལུགས་ཀྱི་སྲིད་བྱུས་ནི། ཕྱོགས་གང་ནས་བལྟས་ཀྱང་རྒྱ་བོད་འབྲེལ་མོལ་དང་། གཞིས་བྱེས་མཉམ་འཛོམས་སོགས་ཀྱི་རྨང་གཞི་མིན་པ་གསལ་བོ་ཡིན།
ལམ་དབུ་མ་འདི་བཙོང་རྒྱུ་ཞིག་ཡིན་ན། སྲིད་དོན་ཚོང་བའི་བཙོང་རྒྱུ་ཡིན་པ་ཨ་ཅང་ཅང་། ད་ཆ་ཁེ་ལས་ཚོང་བ་ཚོས་ཀྱང་འདི་ན་བཙོང་རྒྱུ་ཞིག་གམ། ཟ་རྒྱུ་ཞིག་འདུག་བསམ་ནས་ཚད་འདྲ་རྒྱག་བཞིན་པ་ནི་ངོ་མ་ཐབས་སྐྱོ་བོ་ཡིན། ངས་ཕོ་གསར་ཅིག་ཇ་ཁ་ཆང་ཁ་ནས་ངོ་ཤེས་སོང་། དེ་དུས་ཁོ་སློབ་གྲྭ་ནས་ཐོན་མ་ཐག་ཡིན་སྟབས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་རེད་ལ། ལྟ་བ་བོད་རང་བཙན་གཙང་མ་ཡིན་ཟེར།  རྗེས་སུ་ཁོས་ཁ་པར་གྱི་ཚོང་ལས་གཉེར་ནས་སྤུ་མདོག་ཅུང་རྒྱས་པར་བརྟེན། རང་གཤིས་ཀྱང་བརླགས་ཚར་འདུག་པ་མ་ཟད། རང་བཙན་ལ་ཆོ་ཡོད་བ་མ་རེད་མདོག་མདོག་སྤོམ་བཤད་བྱེད་རྒྱུའི་ཚད་ལ་སླེབས་འདུག འདི་དཔེ་མཚོན་ཆུང་ཆུང་ཅིག་ཡིན། ཡང་ས་ཆའི་ཚོད་ཀྱི་ས་བདག་ཚོ་སྟེ། རྡ་སའི་ཐོག་ཁང་ཅན་༼སྤེལ་ཀྲིན་བ་ལ༽འགའ་དང་། བལ་ཡུལ་གྱི་ཚོང་བ་འགས་དབུ་མའི་ལམ་ཀྱི་ལས་འགུལ་ཁང་བཙུགས་པ་ལྟ་བུ་རེད། ༼དེ་ཚོའི་སྐོར་ཞིག་ལ་བོད་ནང་ཚོང་ཤུགས་ཆེན་ཡོད་སྐད༽ དེང་སང་མེགྷ་ལོར་ཁྲོམ་ན་ལམ་དབུ་མའི་འགྲིམ་འགྲུལ་ཁང་ཟེར་བ་མཐོང་རྒྱུ་ཡོད་ལ། སློབ་གྲྭ་ཞིག་གི་ནང་ལམ་དབུ་མའི་ཁམས་ཚན་ཟེར་བའི་སྒོ་ཕྱེ་ཡོད་སྐད་གོ་སོང་། རྣམ་འགྱུར་ཡ་མ་བརླ་འདི་ལས་རྟོགས་ཐུབ་པ་ནི། ཚོང་བ་ཚོས་ལམ་དབུ་མ་འདི་བཙོང་ཐུབ་མིན་ལ་མ་བལྟས་པར་བཙོང་རྒྱུ་ཞིག་ཡིན་པ་ཤེས་སོང་རེད་མ་གཏོགས ཁོ་ཚོའི་ལམ་དབུ་མའི་ལྟ་གྲུབ་མི་ཤེས་ལ། ཤེས་དགོས་དོན་ཡང་མེད་ལ།  ཡང་བཙོང་སྟངས་ཀྱི་ཆ་ནས་བཤད་ན། ཚོང་བ་ཚོས་ཁ་རྒྱ་ལ་འཁོར་བ་དང་། ཡང་ན་ལམ་དབུ་མ་འགྲིམ་སའི་མཐོ་རིམ་སྤྱི་ཚོགས་ནང་༧རྒྱལ་བོའི་དགོངས་གཞིའི་རང་གི་ཞེ་འདོད་གང་ཞིག་ལ་ཕྱི་ཐུམ་བརྒྱབས་ནས་བཙོང་བ་དང་། ཕྱོགས་མཐའ་ཁག་གི་མང་ཚོགས་ནང་། བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ  ཐ་ན་བོད་རྒྱལ་ཁབ་དང་མི་རིགས་ཟེར་བ་སོགས་རྒྱལ་ཞེན་ཆེ་མདོག་མདོག་གི་འབོད་ཚིག་བཙོང་ནས་སྤྱན་ཆབ་ཤུར་ཤུར་འབབ། རིམ་པ་འདིར་སླེབས་དུས་བྱ་དངོས་ཀྱི་རིན་ཐང་བཙོང་ཐུབ་མིན་ཡིན་པ་ལས། བཙོང་ཆོག་མིན་གྱི་སྐད་ཆ་མེད།

གོང་གི་དབུ་མའི་ལས་འགུལ་ཁང་གི་ཚོགས་གཙོས། བོད་གཞུང་ཁྲིམས་ཁར་བསྐྱེལ་བ་ལྟ་བུ་རེད། སྤྱིར་གཞུང་གིས་དྲང་བོ་མ་བྱས་པར་ཁྲིམས་ལ་གཏུགས་ན་ཧང་སངས་ཀྱི་མེད་མོད། ཁྲིམས་ལ་བསྐྱེལ་མཁན་གྱི་གང་ཟག་དེ་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཡིན་པ་དང་། རང་ཚོས་བཟོས་པའི་ཁྲིམས་དེ་ཡི་འོག་ཁོ་རང་གིས་ཁས་ལེན་དམ་འབུལ་བྱས་ཡོད་པའི་སྤྱི་འཐུས་ལས་ཐོག་པ་ཞིག་མིན་རྒྱུ་ན་པཱ༌༌༌༌༌
ད་དུང་དབུ་མའི་ལམ་ཀྱི་ལས་འགུལ་ཁང་ནང་ན་བླ་རྒན་སྐྱ་མིན་སེར་མིན་ཞིག་ཡོད་ལ། ཁོས་ནམ་རྒྱུན་ལམ་དབུ་མའི་ལྟ་བ་གཞིར་བཞག་ནས་ཕར་ལོག་ཐུབ་ན་བཟང་རབས་རྒྱན་རབས་བཤད། ངས་ཁོང་ལ་དེ་འདྲ་ཡིན་ན། སྔོན་ལ་ཁྱོད་ཕར་ལོག་ནས་ཚོད་ལྟ་བྱས་ན་ཞུས་པར། ཁོས་ང་རྒྱ་འོག་ནས་བྲོས་ཡོང་བ་རེད། ད་ཤི་ན་གསོན་ན་ཕར་ལོག་གི་མིན་ཟེར།  ཁ་བཤད་དང་ལག་ལེན་རྒྱབ་འགལ་ཅན་གྱི་མི་འདི་དག་རིག་ཚོད་མ་ཟིན་པ་མ་ཡིན་པར། མང་ཚོགས་རང་བཞིན་གྱི་ལམ་དབུ་མའི་རྒྱུ་སྤུས་འདི་ཡིན་ན། ལམ་དབུ་མ་འདི་ཚད་གང་ལ་སླེབས་འདུག མི་རྒྱུས་ཡོད་ཅིག་ཡིན་ན། ལམ་དབུ་མ་འདིར་གཟུགས་འདས་རིག་པའི་དགོངས་འགྲེལ་རྩོམ་པ་དང་། དག་པའི་ཞིང་ལ་བློས་སློང་བྱེད་པ། ཁ་དོག་དཀར་དམར་གྱི་རིགས་ལམ་གྱིས་མུ་བཞི་སྐོར་བ་སོགས་ཀྱི་ངལ་བར་བརྟེན་མི་དགོས་ལ། ༸རྒྱལ་བ་རིན་པོ་ཆེ་དགོངས་གཞི་ཡིན་མིན་གྱི་འགྲེལ་བརྗོད་དེ་བས་རྒྱག་དགོས་དོན་མེད་ལ། མི་འདི་དག་གི་ལག་ན་ལམ་དབུ་མ་ཞིག་ཡོང་རྒྱུ་མེད་པ་གསལ་བོ་ཡིན།
ངོ་མ་བཤད་ན། ༧རྒྱལ་བ་རིན་པོ་ཆེ་དགོངས་དབྱིངས་ནས་འཁྲུངས་བའི་ལམ་དབུ་མ་ཟེར་ན་འདྲ། ཁྱད་པར་དུ་མི་དང་མིས་དབར་གྱི་རྩོད་རྙོག་གྲོས་མོལ་ལ་བརྟེན་ནས་སེལ་དགོས་པ་དང་། འགྲོ་བ་མིའི་རིགས་གཅིག་ལ་གཅིག་བརྟེན་དང་། ཞི་མཐུན་མཉམ་གནས་ཀྱིས་འཚོ་དགོས་གསུངས་པ་རེད་ཟེར་བ་ལས་མ་རེད་ཟེར་མཁན་ཞིག་ཡོད་མི་སྲིད་ལ། དཔེ་དེ་བཞིན། མར་ཁེ་སི་དང་ཨིན་ཁེ་སིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཐོག་མར་བསྒྲགས་སྐབས། ས་ཆེན་འདི་ཡི་མི་འབོར་གྱི་སུམ་ཆ་གཉིས་ཀྱིས་དེར་བསྟོད་གླུ་འཐེན་པ་རེད། ཕྱིས་སུ་མའོ་དང་།  སི་ཏ་ལེན་སོགས་ཀྱི་ལག་པར་ཤོར་བའི་མཇུག་འབྲས་ཚང་མས་མཁྱེན་གསལ་ཡིན་ན། ད་ཆ་ལམ་དབུ་མ་སུས་དགོངས་གཞི་ཡིན་མིན་དང་། ལམ་དེ་ལྟ་གྲུབ་རང་སྟེང་ནས་ཡང་དག་མིན་གྱི་སྐད་ཆ་ཞིག་བཤད་ས་ལྷགས་མེད་ལ། གཙོ་བོ་སུ་ཞིག་གིས་དགོས་པ་གང་གི་ཆེད་དུ་སྤྱོད་མིན་དེ་ཡིན་ལ། ཉི་མ་ཁ་དཀར་ངོ་དཀར་ལ་སྐུའི་དགོངས་པར་ལོག་འགྲེལ་རྒྱགས་རྒྱུ་ནི་ཆེ་སྤྱིར་བཏང་ཆགས་འདུག

ལོས་ཀྱང་བདེན། ༸གོང་ས་མཆོག་གི་སྐུ་ཚེ་འདིར་གང་ཡོང་ཡོང་གནང་ཡོད་ལ། ཉིད་ཀྱིས་རྒྱ་རྒན་གློ་ནག་ཅན་མའོ་ཡི་གསོལ་སྐལ་མི་འདོད་བཞིན་དུ་གཙང་བཞེས་གནང་མྱོངས་ལ། དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་དོན་འཁྱོལ་ཆེད་ཡིན། མི་དྲག་གི་ལྕམ་ཆུང་དེ་དག་གཙོས། ཆབ་སྲིད་ལྡིངས་ཆའི་སྐྱེ་དམན་ཡ་མ་བརླ་ཚོ་དགེ་སློང་ཞིག་གིས་མཐོང་ན་ཤ་འདར་བརྒྱག་སྲིད་མོད། ཉིད་ཀྱིས་རེ་རེ་བཞིན་ཕྱག་གིས་འཇུས་ཤིང་དབུ་ཐོད་གཏུགས དེ་ནི་བོད་དོན་རྒྱལ་སྤྱི་ཅན་ལ་བསྒྱུར་ཆེད་ཡིན། ད་དུང་ལོ་འདི་འགར་བོད་རྒྱ་འབྲེལ་མོལ་ཀྱི་ཆེད་དུ་ཁོང་ཚང་དྲ་ཐོག་ཁྲིད་ཡོང་ནས། པེ་ཅིན་གྱི་རྒྱ་ཕྲུག་ཚོ་མཉམ་པོར་གླེང་མོལ་བྱས་པ་སོགས་སྐུ་ངལ་ལྷུར་ལེན་གནང་བ་རེད། འོན་ཀྱང་། སྤྱི་མཐུན་ལས་ཀྱི་བསོད་ནམས་གྱིས་མ་འཁྱོག་པ་ཡིན་ན་འདྲ། གང་ལྟར་བོད་དོན་བདེན་མཐའ་གསལ་རྒྱུར་ཀ་ནས་ཨ་བར་གྱི་གོ་རིམ་ཤིག་མཐོང་ཐུབ་ཀྱི་མེད་ལ། གཅིག་བྱས་ན་གང་གི་མཛད་པ་མཐའ་ཅན་དུ་ལྷགས་ཀྱང་སྲིད་པས། སྔ་སང་སང་ནས་བགྲེས་ཡོལ་ལ་ཕེབས་པ་ནི་རྒྱལ་སྲས་སྤྱོད་པའི་ལག་ལེན་གྱི་རྣམ་གྲངས་ཤིག་ལོས་ཀྱང་ཡིན།

ཁོ་བོ་ཙམ་ཀྱིས་བལྟས་ན། ༧གང་ཉིད་ཀྱི་སྐུ་འཚོ་བཞུགས་སྐབས་ལམ་དབུ་མའི་སྲིད་བྱུས་འདིར་ས་མཚམས་ཆུ་མཚམས་ཤིག་བཟོ་རྒྱུ་དང་། བྱུང་ན་ཉིད་ཀྱི་ཤུལ་ལ་མ་ལྷགས་པ་ཞིག་བྱེད་རྒྱུ་ནི་ཤིན་དུ་གལ་ཆེ་ཞིང་། དེ་ནི་དགའ་ལྡན་ཕོ་བྲང་ཁྲི་ལས་གཤོལ་བ་དང་། བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བ། མ་འདས་སྤྲུལ་སྐུ་བཙལ་བ་ལས་ཀྱང་ཁ་ཚ་དགོས་གཏུགས་སུ་ཆགས་འདུག་སྙམ།  མཐའ་དོན། རེ་སྐུལ་འདིར་དད་པ་ལས་བརྒལ་བའི་གནས་ལུགས་ཡོད་མེད་གང་ལྟར། སེམས་པ་གཙང་མའི་ངང་ཕུལ་བའི་ང་རྒྱལ་ཡོད།།

{jcomments on}