བཀའ་བློན་ཁྲི་པའི་ཁྲི་སྟོན་མཛད་སྒོ་ཉིན་གཉིས་པ།
དབུས་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། བཞུགས་སྒར་གནས་འཁོད་གཞུང་འབྲེལ་མིན་པའི་ཚོགས་པ་དང་། དགོན་སྡེ་གྲྭ་ཚང་བཅས་ཀྱི་སྐུ་ཚབ། དེ་བཞིན་མང་ཚོགས་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད། དང་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བཞིན་པར་བཀའ་བློན་ཁྲི་པ་མཆོག་གིས་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་བྱས་པ་དང་། ས་གནས་ཆོལ་ཁ་གསུམ་ཐུན་མོང་ནས་མང་ཚོགས་ལ་མངར་ཟས་འདེགས་འབུལ་ཞུས་སོང་།
དེ་རྗེས་ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐུ་མགྲོན་ཁག་ལ་དུས་ཡུན་སྐར་མ་༥ རེར་གསུང་བཤད་གནང་རྒྱུར་གོ་སྐབས་ཕུལ་ཡོད་པ་ལྟར། གསུང་བཤད་གནང་མཁན་གྱི་སྐུ་མགྲོན་ཁག་ནི། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཅེན་ཅིཧ་ཇུ། ཉི་ཧོང་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་སཨེ་ཤཱ་མཱ་ཀི་ནོ། སོག་ཡུལ་གྱི་གྲོས་ཚོགས་འཐུས་མི་སྦེ་ཏ་ཇར་གལ་སྦེ་ཏ་སྦ་ཡར། བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་གྷོ་ཊམ། རྒྱ་གར་བོད་དོན་ཚོགས་པའི་རྒྱལ་ཡོངས་བཀོད་འདོམས་པ་ཌོག་ཊར་ཨེན་ཀཱི་ཏྲི་ཁཱ། བྷེལ་རྗམ་ཡུ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཨི་ཝ་ལི་ཆ་ཏིན་སྦར་གྷར། ཨར་རྒྱ་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཌོག་ཊར་ཡང་ཇི་ཨན་ལི། དྷ་སའི་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨཇེ་སིངྒ་མན་ཀོཊི་ཡ། ཧྥན་ཊིཀ་ནོའོ་མན་ཐེབས་རྩའི་ལྷོ་ཤར་ཨེ་ཤ་ཡའི་ངེས་སྟོན་པ་སྐུ་ཞབས་ཧིར་ཛོག་ཕེ་ཊ་རི་ཅ། ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་གྲོགས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་ཚོགས་གཙོ་སྐུ་ཞབས་མེ་ཊིའོ་མཱ་ཁག་སི་བཅས་ནས་བཀའ་བློན་ཁྲི་པར་འཚམས་འདྲི་དང་བོད་དོན་དང་འབྲེལ་བའི་སྐོར་བཀའ་སློབ་གནང་སོང་།
དེ་ནས་ཚོགས་སྡེ་ཁག་དང་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མང་ཚོགས་རྣམས་ནས་བཀའ་ཁྲི་གསར་པར་འཚམས་འདྲིའི་མཇལ་དར་ཕུལ་སོང་བ་དང།
སློབ་གྲྭའི་སྡེ་ཁག་ནས་གཞས་སྣ་༡༢ ཙམ་གཟིགས་འབུལ་ཞུས་པ་དང། བཀའ་བློན་ཁྲི་པ་མཆོག་ནས་ཕྱི་ནང་སྐུ་མགྲོན་དང་མང་ཚོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་།།