ཀིརྟི་དགོན་པར་ད་དུང་དམ་དྲག་བྱེད་བཞིན་པ།
དགེ་འདུན་པ་རྣམས་ལ་གུང་སེང་སྤྲད་འདུག་ཅིང་དེ་རྗེས་མུ་མཐུད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་དགོས་ལུགས་བརྗོད་ཡོད་འདུག
དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཕྱི་ནང་གི་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་དང་། དེ་བཞིན་དགོན་པའི་ནང་དུ་བསྡད་ཡོད་པའི་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡོངས་རྫོགས་ཕྱིར་འཐེན་མ་བྱས་པར་དགེ་འདུན་པ་རྣམས་ལ་གུང་སེང་ཞིག་རྩ་བ་ནས་མི་ཡོང་བར་མ་ཟད། རྣམ་པ་དེ་གནས་ཚུལ་རྫུན་མ་བཟོ་ཆེད་བེད་སྤྱོད་ལོག་པར་གཏོང་ངེས་པས། དགེ་འདུན་པ་ཕལ་མོ་ཆེས་གུང་སེང་ལ་འགྲོ་ཡི་མིན་ཟེར་ནས་སོང་མེད་པ་དང། ཁག་ཅིག་སོང་ཡོད་ཀྱང་། ཕྱི་ཟླ་༨ ཚེས་༦ ཉིན་ནས་དགོན་པའི་ནང་ཚང་མ་འཛོམས་དགོས་ལུགས་བརྗོད་པ་ལྟར་འཛོམས་ཡོད་འདུག
རྒྱུན་ལྡན་སློབ་གསོ་ཟེར་བའི་ལས་འགུལ་གྱི་ཚོགས་འདུ་གཟའ་ཉི་མའི་ཉིན་མེད་ཀྱང་། ཕྱི་ཚེས་༧ གཟའ་ཉི་མའི་ཉིན་དགེ་འདུན་པ་རྣམས་སྔར་བཞིན་ཚོགས་ཆུང་ཁག་བགོས་བྱས་ཡོད་པ་ལྟར་འཚོགས་བཅུག་ཡོད་པ་དང། དེའི་གོང་གུང་སེང་སྐབས་ཕྱི་ལ་འགྲོ་དུས་འདོགས་དགོས་ཟེར་བའི་སྐེ་འདོགས་རེ་སྤྲད་ཡོད་པ་རྣམས་ཀྱང་ཕར་བསྡུས་ནས་མུ་མཐུད་སྔར་བཞིན་དགོན་པའི་ནང་ནས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་དགོས་པས། ཕྱི་ལ་འགྲོ་མི་ཆོག་ཚུལ་བརྗོད་དེ་དགོན་པའི་ལྕགས་རིའི་ནང་བཀག་བསྡོམས་བྱས་ཡོད་འདུག
དགོན་པའི་ཕྱི་ནང་ལ་ཉེན་རྟོག་པ་དང་དམག་མི། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲག་ཡོད་མུས་ཐོག ཕྱི་ཚེས་༥ དགོང་མོ་ནས་རྔ་པའི་ཁྲོམ་གཞུང་དང། རྫོང་མཁར་དང་ཐག་ཉེ་བའི་གྲོང་སྡེ་ཁག་གི་འགྲོ་ལམ་སོགས་ཚང་མར་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་བཀྲམ་ཡོད་པ་དང། བོད་ཟླ་བདུན་པའི་ཚེས་༣༠ ཉིན་འཚོག་རྒྱུའི་རྔ་པ་ཀིརྟི་དགོན་པའི་རིགས་གྲྭའི་ཞོ་སྟོན་འཚོགས་མ་ཐུབ་པར་བརྟེན། ཕྱི་ཚེས་༨ ཉིན་སྤྱི་ཐབ་ནས་གྲྭ་པ་རེ་རེ་བཞིན་ཞོ་སྤྲད་ཡོད་པ་དང་། གླིང་བར་གྱི་ས་སྟོང་རྣམས་སུ་འཛིན་གྲྭ་འཛིན་གྲྭ་བྱས་ཏེ་མཉམ་འཛོམས་ཀྱིས་བཀའ་བློན་ཁྲི་འདོན་གྱི་ཉིན་མོར་བསྟུན་ནས་རྟེན་འབྲེལ་གྱི་རྣམ་པས་རྩེད་འཇོ་སྣ་ཚོགས་ལ་རོལ་ཡོད་འདུག དགོང་མོ་འཛིན་གྲྭ་ཁག་སོ་སོས་མཉམ་དུ་དགའ་སྟོན་བྱེད་རྒྱུའི་གྲ་སྒྲིག་ཡོད་ཚུལ་བརྗོད་ཀྱིན་འདུག འོན་ཀྱང་རྒྱ་ནག་གཞུང་གིས་རྒྱུན་དུ་ཨ་རིའི་བརྙན་འཕྲིན་ལ་ལྟ་བ་དང། དེ་མིན་ཤོག་སྦག་སྤར་བ་སོགས་བྱས་ན་ཉེས་ཁྲིམས་ལྕི་མོ་གཅོད་རྒྱུ་ཡིན་ཚུལ་ཉི་མ་མང་པོའི་གོང་ནས་ཡང་དང་བསྐྱར་དུ་བཤད་ཡོད་འདུག།
{jcomments on}