བུད་མེད་དམར་ཧྲེང་མར་ཁྲོམ་དུ་བཙན་ཁྲིད།
འབྱུང་རྐྱེན་ནི་སྐྱེས་པ་བསྟན་པས་བུད་མེད་གཉིས་ལ་འབྲེལ་བ་བཞག་པ་ལས་བྱུང་བ་ཡིན་འདུག ཁོ་པའི་སྐྱེས་དམན་གྱི་མིང་ལ་པ་སངས་ཟེར་བ་དང་ཁོང་གཉིས་ལ་ཕྲུ་གུ་གསུམ་ཙམ་ཡོད་འདུག ལོ་ལྔའི་གོང་དུ་པ་སངས་ཨི་ཟི་རལ་དུ་ལོ་གཅིག་རིང་ལ་ངལ་རྩོལ་ཆེད་དུ་ཕྱིན་པའི་རིང་བསྟན་པ་དང་རིག་འཛིན་གཉིས་དབར་ལུས་འབྲེལ་བྱུང་ཡོད་ཚོད་འདུག་ཅིང། པ་སངས་གཞིས་སྒར་སུ་ལོག་རྗེས་རིག་འཛིན་གྱི་ཁོག་པའི་ནང་གི་ཕྲུ་གུ་དེའི་ཕ་བསྟན་པ་མིན་ཞེས་རྒྱུད་སྟོད་མགོན་ཁང་དུ་མནའ་སྐྱེལ་དགོས་བྱུང་འདུག ཕྲུ་གུ་སྐྱེས་རྗེས་ངོ་གདོང་བསྟན་པ་འདྲ་པོ་ཡོད་པས་པ་སངས་ཀྱིས་ནད་མ་ཐེག་པར། རང་གི་གཅེན་མོའི་ཁྱོ་ག་ཡུལ་མི་དབང་འདུས་ཞེས་པ་དེ་སྐད་བཏང་བ་དང་ཁོ་པས་རིག་འཛིན་ལ་གོང་ལྟར་གྱི་མནར་གཅོད་ཚད་མེད་བཏང་ཡོད་འདུག
ད་དུང་སྐབས་དེར་ཁོ་མོའི་གཅེན་པོ་རྡོ་རྗེ་རྒྱལ་མཚན་དང། གཅུང་པོ་བསྟན་འཛིན་ཆོས་གྲུབ། རྟ་མགྲིན་དབང་མོ་དང། རིག་འཛིན་ཆོས་སྒྲོན། པདྨ་ཞེས་པ་བཅས་ཀྱིས་ཀྱང་རིག་འཛིན་ལ་ཉེས་རྡུང་གཏོང་སྐབས། གཞིས་མི་ཚོས་བར་མི་བྱས་པར་ཉེས་རྡུང་གཏོང་མཁན་ཚོས་བཀག་ནས་བར་པ་བྱེད་བཅུག་མེད་པ་རེད། རིག་འཛིན་གྱིས་གཞིས་འགོ་དང་རྒྱ་གར་ཉེན་རྟོག་ལས་ཁུངས་བཅས་སུ་ཞུ་གཏུག་བྱས་མེད་པ་རེད། རྗེས་སུ་ཡུལ་མི་ཚོས་ཁུལ་དེའི་ཡུལ་ལྷ་ཁྲོས་པ་དང་ལུང་པའི་གཡང་ཤོར་བར་དོཌ་ནས་གཞིས་མི་ཚོར་ཞབས་བརྟན་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་འདུག ས་གནས་འཐུས་ཚོགས་ཀྱིས་དེའི་སྐོར་གཞིས་འགོར་ཞུས་ཏེ་ཚོགས་འདུ་འཚོགས་ནས། ཉེས་རྡུང་གཏོང་མཁན་ཚོར་ཧིན་སྒོར་༤༠༠༠༠ (ཁྲི་བཞི་)ཆད་པ་བཅད་པ་དང། བསྟན་འཛིན་ཆོས་གྲུབ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་གོ་གནས་ལས་ཕབ་པ་དང་ལོ་གཉིས་རིང་ས་གནས་ཀྱི་འགན་གང་ཡང་ཁུར་མི་ཆོག་པ་བཟོས་འདུག དེ་བཞིན་མི་བདུན་དེས་ཡུལ་དེའི་ཞབས་བརྟན་གྱི་འགྲོ་གྲོན་ཡང་གཏོང་དགོས་པ་དང། བསྟན་པ་རྙོག་གྲ་དེའི་རྐྱེན་རྩ་ཡིན་པའི་ཆ་ནས་ཆད་པ་སྒོར་༢༠༠༠༠ བཅད་ཡོད་འདུག །