པཎ་ཆེན་བླ་མར་ཕེབས་བསུ་ཡག་པོ་བྱེད་དགོས་ཟེར།

བོད་ནས་འབྲེལ་ཡོད་མི་སྣས་འདི་གའི་གསར་འགོད་པར་བརྗོད་དོན། རྒྱ་གཞུང་གིས་ངོས་འཛིན་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་པ་ཟླ་འདིའི་ཚེས་༡༡ ཉིན་དངོས་སུ་བོད་མདོ་སྨད་ཡུལ་གྱི་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིེལ་དུ་ཡོང་རྒྱུ་ཡིན་པ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁྱབ་བསྒྲགས་བྱས་པ་དང་། ཟླ་གཅིག་ཙམ་རིང་གྲ་སྒྲིག་བྱས་པ་ལྟར། དགོན་པའི་དགེ་འདུན་པ་དང་། ལས་བྱེད། སློབ་མ། ས་གནས་བོད་མི་ཚང་མས་མཉམ་འབྲེལ་ཐོག་ཕེབས་བསུ་གཟབ་རྒྱས་བྱེད་དགོས་པ་དང་། གལ་སྲིད་སྐབས་དེའི་སྔ་ནུབ་ཏུ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་རིགས་བྱུང་ཚེ་གོང་རིམ་ནས་ཐག་གཅོད་ནན་མོ་བྱེད་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། དེ་སྔོན་བོད་ཀྱི་ཆབ་སྲིད་དང་འབྲེལ་ཡོད་དོགས་གཞི་ཅན་ལ་སློབ་གསོ་གཏོང་ཁུལ་གྱིས་གཟབ་ནན་བྱེད་དགོས་པ་ནན་བརྗོད་བྱས་འདུག།

དེ་དང་མཉམ་ད་ཆ་བླ་བྲང་དགོན་པར་རྒྱ་ནག་གིས་མངོན་གསལ་དོད་པོས་དམག་མི་ཤུགས་ཆེན་བཀྲམ་ནས་དམ་དྲག་བྱེད་བཞིན་པ་རེད་འདུག གནས་ཚུལ་དེའི་ཐད་བླ་བྲང་དགོན་པའི་དགེ་འདུན་པ་དང་། ས་གནས་བོད་མི་ཚོར་མི་འདོད་པའི་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་དང་། མདོ་སྨད་རྨ་ཆུ་ཕྱོགས་སུ་ཁོང་ཕེབས་བཞིན་པ་རྒྱ་ནག་གི་ཆབ་སྲིད་ལྐོག་ཇུས་ཡིན་པར་མི་འདོད་ངོ་རྒོལ་ཡོད་པའི་སྦྱར་ཡིག་ཡང་འགྲེམས་སྦྱར་བྱས་ཡོད་པ་རེད་འདུག།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ཟླ་༧ པའི་ཟླ་མཇུག་ལ་ཕེབས་འཆར་ཡོད་པ་གློ་བུར་ཕྱིར་འཐེན་བྱས་རྗེས་ད་ཐེངས་བསྐྱར་དུ་ཕྱི་ཚེས་ ༡༡ ཉིན་ཕེབས་རྒྱུ་གཏན་ཁེལ་བྱུང་ཡོད་པ་དང། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཁོང་ད་ཐེངས་བླ་བྲང་བཀྲ་ཤིས་འཁྱིལ་གཙོ་བོས་གཙོས་གྲོང་ཁྱེར་དང་། ཀླུ་ཆུ་རྫོང་། རྨ་ཆུ་རྫོང་སོགས་སུ་འགྲོ་འཆར་ཡོད་འདུག་ལ་ཁོང་ད་བར་མདོ་སྨད་བླ་བྲང་དུ་ཡོང་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག
བལ་ཡུལ་གསར་འགོད་པས།