བོད་མིའི་མཉམ་འབྲེལ་གྱི་འཛིན་སྐྱོང་ཚོགས་ཆེན།
བོད་མིའི་མཉམ་འབྲེལ་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༡ པ་དེ་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། དེ་རིང་ཕྱི་ཟླ་༨ ཚེས་༡༡ ཉིན་ཞོགས་པ་ཆུ་ཚོད་༩ ནས་དྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་ནང་ཚོགས་ཆེན་དབུ་འཛུགས་བྱས་སོང།
འཛིན་སྐྱོང་ཚོགས་ཆེན་དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅོ་ལྔ་མཉམ་འཛོམས་ཐོག་རྡ་ས་མཉམ་ལས་དང་བོད་གཞུང་ནང་སྲིད་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང། བོད་མིའི་མཉམ་འབྲེལ་ཡན་ལགས་༡༥ ཀྱི་ཚོགས་བཅར་བ་སྐུ་ཚབ་༦༠ ཙམ་འཛོམས་འདུག
ཞོགས་པ་དབུ་འབྱེད་མཛད་འགོ་སྐབས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོགས་ཕེབས་ཡོད་པ་དང། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ། སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད།
དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་བཙན་བྱོལ་ནང་གི་མཉམ་འབྲེལ་གྱི་ལས་འགུལ་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་འགྲུབ་རྡོ་རྗེ་ལགས་ཀྱིས་མཉམ་འབྲེལ་གསར་ཕྲིན་ཞེས་པའི་དུས་དེབ་ཞིག་ཀྱང་དབུ་འབྱེད་གནང་སོང།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
གསུངས་བཤད་ཁ་གྲུབ་རྗེས་རྒྱན་ཤོག་གི་ལམ་ནས་མིང་ཐོབ་སློབ་མ་གཉིས་ལ་ཆེད་ལས་པའི་སློབ་སྦྱོང་ཆེད་མཉམ་འབྲེལ་གྱིས་སྒོར་༥༠༠༠༠ ཐམ་པའི་སློབ་ཡོན་སྤྲད་ཡོད་པ་དང་། སློབ་མ་དེ་གཉིས་ནི་སྦེལ་ཀོབ་ལུགས་བསམ་ས་གནས་ཀྱིི་སློབ་བུ་བཀྲ་ཤིས་དོན་འགྲུབ་དང། མོན་གྷོ་འདོད་འགུ་གླིང་ནས་ཡིན་པའི་སློབ་བུ་སྐར་མ་མགོན་པོ་ཚེ་རིང་རེད།
མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས། མཉམ་འབྲེལ་དེ་གཞིས་ཆགས་བོད་མིའི་འཚོ་བ་རྟེན་ས་དང་། གཏན་འཇགས་ལས་བྱེད་ལྔ་བརྒྱ་ལྷག་གི་འཚོ་བ་རྟེན་ས་རེད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་སུ་ཡང་ལོ་རེར་ཚོང་གི་ཁེ་བཟང་གི་བརྒྱ་ཆ་བཅོ་ལྔ་ཕུལ་གྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་གཞིས་ཆགས་བརྟན་ལྷིང་ལ་མཉམ་འབྲེལ་གྱི་ཕན་ཐོགས་སྐོར་གསུང་དོན། གཞིས་ཆགས་བརྟན་ལྷིང་ཆེད་ས་གནས་སུ་བོད་མི་འཚོ་བ་སྐྱོ་བོ་སྐྱེལ་མཁན་ཚོར་ཕན་ཐོགས་དགོས་པ་ལས། ཕྱི་རྒྱལ་ཁག་ཏུ་ལམ་ཁ་ཡོད་མཁན་ཚོ་ཕྱིར་འཐེན་ཐུབ་པ་ཞིག་ཡོང་གི་མ་རེད། མི་མང་གི་ཁེ་ཕན་ཆེད་བུ་གསོ་ཁང་དང་། རྩམ་འཐག་ཁང་། སློབ་མ་སྐྱེལ་འདྲེན་ཆེད་སྤྱི་སྤྱོད་རླང་འཁོར་སོགས་ཁེ་བཟང་མེད་པའི་ཐོག་ནས་མི་མང་ལ་ཁེ་ཕན་སྤྲོད་ཀྱི་ཡོད་པ་རེད་ཅེས་བརྗོད་སོང་།
ཁོང་གི་མུ་མཐུད་
རྒྱ་གར་ཨུ་རི་ས་བོད་མིའི་གཞིས་ཆགས་ཀྱི་ཉམ་འབྲེལ་ལ་དཀའ་ངལ་འཕྲད་པའི་སྐོར་གསུང་དོན། བོད་མིའི་མཉམ་འབྲེལ་༡༩༦༣ ལོར་བཙུགས་ནས་ལོ་ལྔ་བཅུ་ཟིན་གྱི་ཡོད་པ་རེད། ཉི་ཆར་མཉམ་འབྲེལ་བཅོ་ལྔའི་ནང་བྱུམ་མ་མྱོང་བའི་དཀའ་ངལ་ཞིག་ཨི་རི་སུ་ཕུན་ཚོགས་གླིང་གི་མཉམ་འབྲེལ་ནང་བྱུང་བ་རེད། ཕྱི་ཟླ་༧ ཚེས་༣ ནས་རྒྱ་གར་ཨུ་རི་ས་མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནུས་མེད་དུ་བཏང་བ་ཡིན་ཞེས་བཀའ་ཁྱབ་ཅིག་སླེབས་པ་དང་། དེའི་ཚབ་དུ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་ནས་ལས་བྱེད་ཅིག་འཛིན་སྐྱོང་ལྟ་རྟོག་བྱེད་མཁན་ལ་བསྐོ་བཞག་བྱས་ཡོད་པ་རེད། ང་ཚོའི་མཉམ་འབྲེལ་ཚང་མ་རྒྱ་གར་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཤིག་ཡིན་པས། ག་དུས་ཡིན་ཡང་ཁྲིམས་དང་སྒྲིག་གཞི་ལ་མཐུན་པ་ལག་བསྟར་བྱེད་དགོས་པ་གལ་ཆེན་པོ་རེད་མ་གཏོགས། གནས་ཚུལ་བྱུང་རྗེས་བསྐྱར་སློག་བྱེད་རྒྱུ་ཁག་པོ་ཡོད་པ་རེད། དེ་བཞིན་གནས་ཚུལ་བྱུང་བའི་སྐབས་ཡིན་ཡང་དེ་འདྲ་བཀའ་ཁྱབ་ཅིག་སླེབས་ཡོང་དུས། སྔ་ས་ནས་དོན་ཚན་བཅུ་གཉིས་ཀྱི་སྐྱོན་གནད་རེད། རྣམ་པ་ཚོ་ཚང་མས་དེའི་སྐོར་གང་འཚམས་མཁྱེན་གྱི་ཡོད་པ་རེད། དེ་ཚོ་བྱུང་སྐབས་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལ་འབྲེལ་བ་དགོས་ཀྱི་འདུག་མ་གཏོགས། ལྕགས་ཚ་ཐོག་ཏུ་རྡུང་། ཇ་ཚ་ཐོག་ཏུ་འཐུང་ཞེས་པ་བཞིན་དུས་ཚོད་ཏག་ཏག་ལ་ལས་ཀ་བྱེད་མ་ཐུབ་ན། ནར་འགྱངས་སུ་ཕྱིན། ཁྲིམས་ཐོག་གི་ཡི་གེ་ལ་ཁྲིམས་རྩོད་པ་སླེབས་ནས་བྱེད་ཐུབ་ན། ནམ་རྒྱུན་ང་ཚོས་ཡི་གེ་གཏོང་མཁན་ཚོར་ལན་རྒྱག་མཁན་དགོས་ཀྱི་འདུག ལན་འདེབས་དུས་འགྱངས་སོང་བའི་དཀའ་ངལ་ཡོང་གི་འདུག ཁྲིམས་མཐུན་ཐོག་འགྲོ་ཐུབ་པ་ཐབས་ཤེས་དགོས་ཀྱི་འདུག སྐབས་འཚམས་སུ་སྐད་ཆ་འདྲི་ས་ཡོད་པ་རེད། དཀའ་ངལ་འབྱུང་སྐྱེན་གཅིག་དེ་མཉམ་འབྲེལ་གྱི་ཚོགས་གཙོ་ཟུར་པས་ང་ཚོའི་མཉམ་འབྲེལ་ལ་དཀའ་ངལ་འདུག་ཅེས་མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་སུ་ཡིག་ཐོག་ནས་བཏང་བ་རེད། ཁ་ནང་གི་རྨ་དེ་ཁ་ནང་དུ་སོས་ཐུབ་དགོས་ཀྱི་འདུག དབུས་བོད་མིའི་སྒྲིག་འཛུགས་ལ་གོ་རིམ་མང་པོ་ཞུ་ས་ཡོད་པ་རེད་མོད། དེ་མ་བྱས་པར་རྒྱ་གར་དེབ་སྐྱེལ་ལས་ཁུངས་སུ་བསྐྱལ་བ་རེད། དེབ་སྐྱེལ་ལས་ཁུངས་དེ་ཁྲིམས་དཔོན་ལྟ་བུ་རེད། སྒྲིག་གཞི་དང་མ་མཐུན་ན་དེ་ནས་ཁྲིམས་བཏང་ན་བཙོན་ཁང་དུ་བཅུག་ཆོག་གི་རེད། ག་དུས་ཡིན་ཡང་དང་པོ་གནས་ཚུལ་ག་རེ་ཡིན་ཡང་ནང་ནས་སེལ་ཐུབ་ན་ཡག་པོ་འདུག དུས་ཐོག་ལ་ང་ཚོས་ཧ་མ་གོ་ནས། རི་ལུག་པ་ཐག་པས་མི་འདུམ་ཞེས་པའི་དཔེ་ལྟར། འགན་འཛིན་ལྷན་ཚོགས་ནུས་མེད་བཏང་ཚར་དུས་ང་ཚོར་འབྲེལ་བ་བྱུང་ནས། ང་ཕར་ཕྱིན་པ་ཡིན་ཡང་དེ་ཙམ་བྱེད་རྒྱུ་མི་འདུག བཀའ་ཁྱབ་ཚང་མ་བཏང་ཚར་འདུག མི་མང་ལ་སེམས་འཚབ་འདུག འགན་འཛིན་ལྷན་ཚོགས་ནུས་མེད་བཏང་། ཚབ་ཏུ་རྒྱ་གར་མི་ཡོང་གི་རེད་ཟེར། གསལ་པོ་མི་འདུག་ཟེར། རྒྱ་གར་གྱི་མི་ཡག་པོ་ཡོད་པ་རེད་མོད། སྡུག་ཆག་ཅིག་ལ་ཐུག་ན་དཀའ་ངལ་ཡོང་གི་རེད། ཨོ་རི་ས་མཉམ་འབྲེལ་ལ་མི་མང་སྒོར་འབུམ་ལྔ་བརྒྱ་ལྷག་ཡོད་པ་རེད། དེ་བཞིན་ཚོང་ཆེན་པོ་རྒྱག་གི་ཡོད་པས། རྒྱ་གར་ཞིག་སླེབས་ནས་ཡག་པོ་མ་བྱུང་ན་འགྲིག་གི་མ་རེད། ཡིན་ཡང་ལྟ་དེ་ཙམ་འཐུས་ཤོར་ཕྱིན་མེད་པས། མངའ་གཞུང་གི་མཉམ་འབྲེལ་འཛིན་སྐྱོང་ལྷན་ཚོགས་སུ་ཐུག་ནས་འགན་འཛིན་ལྷན་ཚོགས་བསྐྱར་དུ་བསྐོ་བཞག་དགོས་པའི་བཀའ་ཁྱབ་བཀྲམ་རོགས་བྱས། མགྱོག་པོ་བསྐོ་བཞག་ཐུབ་ཀྱི་མེད་པས། བར་བརྒལ་གྱི་སྐབས་ལ་རྒྱ་གར་ལས་བྱེད་དུ་བསྐོ་མ་དགོས་པར་ས་གནས་འགོ་འཛིན་གྱིས་འགན་རྒྱུ་བྱས་ཡོད་པ་རེད་ཅེས་གསུངས་སོང་།