བོད་ཡིག་རྒྱ་གར་གཞུང་འབྲེལ་སྐད་ཡིག་ནང་འཇོག་རྒྱུའི་གྲོས་འཆར།
ཚེས་༥ ཉིན་གྲོས་ཚོགས་ནང་གྲོས་འཆར་དེ་འདོན་སྐབས་འཐུས་མི་ཏཱ་རུན་ཝེ་ཇེ་ལགས་ཀྱིས་གསུང་དོན། བྷོ་ཊི་སྐད་ཡིག་དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཁོངས་སུ་ཡོད་པའི་རྒྱ་གར་མངའ་སྡེ་རྗཱམ་མུ་དང་ཀཱ་ཤི་མི་རུ། ཧི་མ་ཅལ། ཨུ་ཏཱ་ར་ཀན། ནུབ་བྷང་གྷལ། འབྲས་ལྗོངས། ཨ་རུ་ན་ཅལ་མངའ་སྡེ་སོགས་ཀྱི་ནང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དེ་ཙམ་དུ་མ་ཟད་འབྲུག་པ་དང་། བལ་ཡུལ། བོད། རྒྱ་ནག སོག་པོ། པཱ་ཀི་སི་ཐན་བཅས་ཀྱི་རྒྱལ་ཁབ་ཁག་ཏུ་ཡང་ཡི་གེ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
མུ་མཐུད་ཁོང་གིས་གསུང་དོན། ཆོས་ལུགས་དང་རིག་གཞུང་། རྒྱལ་ཁབ་འདྲ་མིན་དང། མི་རིགས་འདྲ་མིན་མང་པོའི་ནང་སྐད་ཡིག་དེ་ཡོད་པས། མི་རིགས་བར་གྱི་ཆོས་ལུགས་དང་། རིག་གཞུང་། རྒྱལ་ཁབ་ཀྱི་ཁྱད་པར་དེ་ཚོ་ལ་མ་ལྟོས་པར་སྐད་ཡིག་དེ་བེད་སྤྱོད་བྱས་པ་ན། ཆིག་སྒྲིལ་གྱི་རྣམ་པ་སྟོན་ཐུབ་ཀྱི་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག
དེ་བཞིན། སྐད་ཡིག་ནི་བརྡ་སྤྲོད་ཀྱི་བརྒྱུད་ལམ་གཅིག་པུ་མིན་པར་མིའི་རིགས་ཀྱི་སྐད་དང་། རིག་གཞུང་། གཞུང་གི་ལམ་ལུགས། ཆབ་སྲིད། ཆོས་ལུགས་སོགས་ཀྱི་ངོ་བོ་ཡང་མཚོན་ཐུབ་ཀྱི་ཡོད་པ་རེད། གལ་ཏེ་བྷོ་ཊིི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་གཞུང་གི་ངོས་འཛིན་ཐོག་བཞག་པ་ཡིན་ན། ཧི་མ་ལ་ཡའི་རི་རྒྱུད་ནང་གནས་པའི་མི་མང་ལ་རྒྱ་གར་མངའ་སྡེ་གཞན་གྱི་མི་རིགས་དང་འདྲ་མཉམ་ཡིན་པའི་ཚོར་སྣང་སྤྲོད་ཐུབ་པ་མ་ཟད། རྒྱལ་ཁབ་སྤྱིའི་མི་རིགས་བར་ཆིག་སྒྲིལ་ཡོང་བར་ཕན་རླབས་ཡོད་སྐོར་བརྗོད་འདུག
ཟླ་འདིའི་ཚེས་༣ ཉིན་མཁས་དབང་ཟམ་གདོང་རིན་པོ་ཆེར་ད་ལྟ་བོད་མིའི་ཤེས་ཡོན་སྲིད་ཇུས་ཀྱི་འོག་ནས་སློབ་ཐོན་བྱུང་བའི་སློབ་མ་ཚོ་རྒྱ་གར་མཐོ་སློབ་ལ་འཛུལ་ཞུགས་སྐབས། སྐད་ཡིག་གཞན་པའི་ཐོག་སློབ་རྒྱུགས་གཏོང་དགོས་ན་དཀའ་ངལ་འཕྲད་མིན་དང་། སློབ་ཚན་ཚང་མ་བོད་ཡིག་ཐོག་ཚུད་རྒྱུགས་གཏོང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར།
ཟམ་གདོང་རིན་པོ་ཆེས། “དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་མཐོང་གི་ཡོད་པ་མ་རེད། འཛིན་གྲྭ་བཞི་པ་ནས་སྐད་ཡིག་གསུམ་སློབ་ཀྱི་ཡོད་པས། རྗེས་མ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་སྤྲོད་སྐབས། སྐད་ཡིག་གིས་མ་འདང་ནས་རྒྱུགས་མི་འཕྲོད་པའི་གནས་སྟངས་མེད་པ་དེ་དགེ་རྒན་དང་སློབ་མ་ཚང་མར་གདེང་ཚོད་ཡོད་པ་རེད། མཐོ་རིམ་སློབ་གྲྭ་ཁག་ལ་སོ་སོའི་རང་སྐད་ཀྱི་ཐོག་ནས་རྒྱུགས་སྤྲོད་གཏོང་རྒྱུར་ང་ཚོས་དམིགས་བསལ་གྱིས་འབད་བརྩོན་དགོས་པ་མ་རེད། རང་གིས་སློབ་སྦྱོང་བྱས་པའི་སྐད་ཡིག་དེའི་ཐོག་ཏག་ཏག་འདང་བ་དང་འགྲོ་ཐུབ་པ་ཡོད་ན། སྐད་ཡིག་དེའི་ཐོག་ནས་རྒྱུགས་སྤྲོད་གཏོང་གི་ཡིན་ལབ་ན། རྒྱུགས་སྤྲོད་ཀྱི་སྒྲིག་འཛུགས་དེ་ཚོས་ངོས་ལེན་མེད་ལབ་ཐུབ་ཀྱི་མ་རེད་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་གསུང་དོན། “བོད་པའི་སྐད་དེ་རྒྱ་གར་གཞུང་གིས་སྐད་ཡིག་ལ་ངོས་འཛིན་མེད་པའི་དབང་གིས་དཀའ་ངལ་འཕྲད་ཀྱི་རེད་དགོངས་པ་ཡིན་ན། བོད་སྐད་དེ་རྒྱ་གར་ནང་ལོ་གཅིག་གཉིས་ནང་ངོས་ལེན་ཐོབ་འགྲོ་ཡི་རེད། དེ་ངོས་ལེན་བྱེད་རྒྱུའི་ལས་གཞི་ད་ལྟ་འགྲོ་བཞིན་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ནང་སྐད་ཡིག་ལ་ངོས་འཛིན་བྱེད་རྒྱུར་བསྒུག་ཡོད་པའི་དང་པོ་དེ་བྷོ་ཊའི་སྐད་ཡིག་དེ་རེད། དེ་ངོས་ལེན་བྱས་རྗེས་རྒྱུགས་སྤྲོད་ལེན་མཁན་ཚོས་ངོས་ལེན་བྱེད་རྒྱུ་མིན་ཟེར་རྒྱུ་མ་རེད་ལ། ད་ལྟ་ཡང་ངོས་ལེན་མེད་ཟེར་རྒྱུ་རེད་བསམ་གྱི་མི་འདུག ད་ལྟ་ཁྲིམས་མཐུན་གྱི་རྒྱུགས་སྤྲོད་ལེན་མཁན་མང་པོས་བོད་ཡིག་ཐོག་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད། ང་ཚོའི་རྒྱུགས་སྤྲོད་ཀྱི་སྐབས་འབྲེལ་བ་བྱེད་རྒྱུ་ཞིག་རེད་མ་གཏོགས་དེ་ལས་གཞན་པ་དགོས་པ་ཞིག་མ་རེད་”ཅེས་འགྲེལ་བརྗོད་གནང་སོང་།།
{jcomments on}