བལ་ཡུལ་ལན་ཅིག་ཉུལ་བའི་ཚོར་བ།
ཨ་མ་ཆང་མས་ཞིམ་མངར་ནས་ཆང་དང་།།
རོ་བཅུད་རྣམ་པར་མཚར་བའི་འབྲས་ཆང་སྟེ།།
རྒྱ་ཟས་སྣ་ཚོགས་དྲི་ཞིམ་ཕྱོགས་ཐུལ་བའི།།
ཡིད་དབང་འགུག་པའི་གཤམས་བཀོད་མཐོང་བ་མཚར།།
བྱིན་རླབས་ཚོན་ཁ་རྣོ་བའི་མཆོད་རྟེན་འགྲམ།།
གསར་འབྱོར་བོད་མིའི་འཁོས་ཆུང་ཁྱིམ་གཞི་དང་།།
རྙིང་འབྱོར་བོད་མིའི་བརྗིད་ཆགས་ཁང་བརྩེགས་སོགས།།
མཐོང་བའི་མོད་ལ་དགའ་སྐྱོ་ཟུང་གིས་བཟིས།།
དགའ་སྡུག་སྣེ་མ་འཐབ་པའི་སེམས་ངོགས་ན།།
ཁྲག་བརྒྱུད་གཅིག་ལས་མཆེད་པའི་བོད་ཀྱི་རིགས།།
འདི་ལྟར་འབྱོར་ཕྱུག་ཁྱད་པར་གྱུར་པ་འདི།།
ཚེ་སྔོན་ཅི་ཞིག་བྱས་པའི་ལས་སུ་བསམ།།
འཛམ་གླིང་རྒྱལ་ཁབ་ཀུན་གྱིས་འཕྱ་བའི་ཡུལ།།
ཡུལ་ལ་ཡུལ་ཁྲིམས་དབེན་པའི་ལུང་པ་དེར།།
བཙན་རྒྱ་དམར་པོའི་རྐུབ་གཡོག་རྒྱུགས་མཁན་དང་།།
རྐུལ་ཇག་ཐམས་ཅད་གནས་སའི་ཇག་ཚང་མང་།།
དབུལ་ཕོངས་མི་རྣམས་ཟས་ནོར་མི་རྙེད་སྡུག།།
འབྱོར་པ་ཅན་རྣམས་རྒྱུ་དངོས་ཤོར་གྱིས་སྡུག།
བརྩེ་མེད་དཔོན་ངན་གཞན་ནོར་མ་རག་སྡུག།
སྡུག་བསྔལ་ཁུང་བུར་ཚུད་པའི་ཡུལ་དེ་སྡུག།
རྒྱལ་པོའི་ཕྲེང་བས་སྐྱོང་བའི་བལ་པོ་ཡུལ། །
རང་བཙན་གཙང་མ་དར་བའི་ཡུལ་ཡིན་ཡང༌།
ཀླ་ཀློ་རྒྱ་ཡིས་ཅི་ཟེར་སྒྲུབ་ལུགས་དེས།།
དོན་དུ་རང་བཙན་ཟེར་བ་མིང་ཙམ་འཛིན།།
མི་འབོར་མང་ཞིང་ས་ཁྱོན་ཆུང་དང་གཅིག།
ཞིང་ཁ་ལག་མཐིལ་འདྲ་བ་འདེབས་དང་གཉིས།།
ཁང་པ་ཙི་ཁུང་ལྟ་བུ་གཉེར་དང་གསུམ།།
དེ་ལྟའི་གནས་བབས་མཐོང་དུས་ཡིད་ཀ་སྐྱོ།།
གསུམ་བཅུའི་དུས་དྲན་མ་སླེབས་ཉིན་འགའི་སྔོན།།
ཚོགས་བསགས་དགེ་སྒྲུབ་བྱ་བའི་འདུན་པ་དང༌། །
མིག་གི་དགའ་སྟོན་ཅུང་ཙམ་མྱོང་བའི་ཆེད།།
ཨ་ཅེ་ལྷན་དུ་མཆོད་རྟེན་སྐོར་རར་བསྐྱོད།།
མཆོད་རྟེན་སྐོར་ལམ་ཕྱོགས་བཞི་མཚམས་བརྒྱད་དུ།།
དྲག་ཆས་སྤྲས་པའི་རྒྱ་མིའི་རྒྱུགས་ཁྱི་ཚོས།།
མོའོ་ཙེའི་མགོ་ཅན་ཏོག་ཙམ་རག་ཆེད་དུ།།
གྲ་སྒྲིག་བྱས་པའི་འདུ་ལོང་མཐོང་ཚེ་འཇིགས།།
སུམ་བཅུ་ཉིན་མོར་དུས་དྲན་སྲུང་བརྩི་ཕྱིར།།
སེང་དར་མཁའ་ལ་འཕྱར་ཞིང་ངག་སྒོ་ནས།།
བོད་ལ་རང་དབང་དགོས་ཚུལ་སྒྲོག་བཞིན་དུ༎
གོམ་ཆུང་འཁོར་ལོ་མཆོད་རྟེན་ཕྱོགས་སུ་བཏང་༎
དེ་ལྟར་གོམ་པ་ཐེངས་འགའ་བརྒྱབས་པའི་མོད༎
དབྱུག་དང་མཚོན་ཆ་ཐོགས་པའི་དམག་མི་ཁྱུས༎
མགོ་རྐུབ་མེད་པར་མཚོན་གྱིས་རྡུང་བཞིན་དུ༎
བོད་རིགས་ཐམས་ཅད་སྲན་ཕུང་བཞིན་དུ་གཏོར༎
སུམ་བཅུ་དུས་དྲན་ཉིན་གྱི་དགོང་མོ་དེར།།
ཨ་ཅེའི་ནང་མི་ལྷན་དུ་འཛོམས་གྱུར་ཏེ།།
དངས་ཀ་མེད་པར་ནུབ་ཟས་རོལ་བའི་སྐབས།།
ཁོང་ཚོའི་གཏམ་གླེང་རབ་རིབ་གོ་བའི་བརྒྱུད།།
དམག་མི་མ་ཡིན་བལ་པོའི་ཡུལ་མི་འགས།།
བོད་རིགས་སྤུན་ཟླ་རྡུང་བརྡེག་བཏང་ཚུལ་དང༌།།
ཁོང་ཚོ་ཤར་པ་ཡིན་རབས་གླེང་པ་སོགས།།
རྣ་བའི་བུ་གར་ཐོས་དུས་ཁོང་ཁྲོས་མྱོས།།
ཤར་པའི་མི་ཡིས་ང་ཚོའི་སྤྱི་ཚོགས་ཁྲོད།།
ཧི་མ་ལ་ཡའི་མི་རིགས་མིང་ཁྱེར་ནས།།
བདེ་སྐྱིད་འཚོ་བར་རོལ་ནས་མ་བསྡད་པར།།
འདི་ལྟར་ལས་ངན་བརྩམས་པ་ཅི་ཡི་དོན།།
བཙན་རྒྱ་དམར་པོའི་སྒོར་རྡོག་དུག་གི་ཆུ།།
བཏུང་ནས་རང་ཉིད་རང་གིས་བརླག་བྱེད་པའི༎
ཤར་པའི་མི་རིགས་འདི་ཚོས་བྱེད་སྟངས་འདི།།
མིག་གིས་མཐོང་དུས་ཁོང་ཁྲོ་སེམས་ནས་འབར༎
ཁྲེལ་དང་ངོ་ཚའི་གོས་བཟང་མ་བཀླུབས་ཤིང་༎
མཛའ་མཐུན་དར་གྱི་མདུད་པ་མ་བཅིངས་ལ༎
མ་འོངས་མདུན་ལམ་རྡོག་རོལ་གཏོང་བྱེད་པའི༎
ཤར་པའི་མི་རིགས་འདི་ཚོའི་བྱེད་སྟངས་སྐྱོ༎
རང་གི་ཡུལ་ནས་ཀླ་ཀློས་བཙན་གྱིས་སྤུད༎
གཞན་གྱི་ཡུལ་ནས་ཤར་པའི་མི་ཡིས་བརྡུངས༎
ག་འགྲོ་གཏོད་སོ་མེད་པའི་མི་རིགས་འདིའི༎
ལས་དབང་སྐྱུར་མོ་ཚོར་དུས་སྡུག་གིས་བཟིས༎
༢༠༡༡་༣་༡༡ ཉིན་མཆོད་རྟེན་བྱ་རོང་ཁ་ཤོར་ཉེ་འཁྲམ་ནས།