བོད་ཕྲུག་ཁྱིམ་སྡེ།


ལུས་ཕུང་གྲང་ལས་སྐྱོབ་པའི་གོས་ཀྱི་མཐུན་རྐྱེན་དེ་སྦྱོར་ཞིང་།།

གྲོད་པ་ལྟོགས་ལས་གྲོལ་བའི་ཟས་ཀྱི་སྙིང་བཅུད་དེ་སྟེར་བ།།

མི་ཤེས་རྨོངས་ལས་ཐར་བའི་ཤེས་རིག་སྙིང་ཁུ་དེ་སྩོལ་མཁན། །

བོད་ཕྲུག་ཁྱིམ་སྡེ་བོད་ཕྲུག་དུ་མའི་དྲོད་ཁྱིམ་དེ་ཡིན་ནོ། །


རྒན་པས་གཞོན་ལ་བྱམས་ཀྱིས་སྐྱོང་བའི་བསླབ་བྱ་དེ་གནང་ཞིང་། །

གཞོན་པས་རྒན་པར་བརྩི་བཀུར་ཞུ་བའི་གདམངས་ངག་དེ་གདམས་པ། །

རྒན་གཞོན་ཕན་ཚུན་མཐུན་སྒྲིལ་དར་གྱི་མདུད་པ་དེ་སྒྲོག་མཁན། །

བོད་ཕྲུག་ཁྱིམ་སྡེ་བོད་ཕྲུག་དུ་མའི་དགེ་རྒན་དེ་ཡིན་ནོ། །


མཉམ་ལག་མ་རྒྱས་བྱིས་པའི་གཅིང་སྐྱག་ནོར་བུ་ལྟར་ཕྱི་ཞིང་། །

ཟ་འཐུང་རྩལ་མེད་ཕྲུ་གུ་རང་གི་སྙིང་ནོར་ལྟར་སྐྱོང་བ། །

དྲེག་པས་ཚོས་པའི་གོན་པ་རང་གི་གཟུགས་པོ་ལྟར་བཀྲུ་མཁན། །

བོད་ཁྱིམ་ཕ་མ་ང་ཚོའི་སྐྱབས་བཙལ་ཕ་མ་དེ་ཡིན་ནོ། །


མཐོ་སློབ་འགྲིམས་པའི་རིག་འདོད་སྟོང་ལ་སློབ་ཡོན་དེ་སྩོལ་ཅིང་། །

རྒྱུགས་འབྲས་ལོན་པའི་མི་བུ་དག་ལ་གཟེངས་རྔོན་དེ་སྦྱིན་པ། །

ད་དུང་ཡར་རྒྱས་གཏོང་དགོས་སྐུལ་མ་ཁ་ཏ་དེ་གནང་མཁན། །

བོད་ཕྲུག་ཁྱིམ་སྡེ་བོད་ཕྲུག་ང་ཚོའི་སྦྱིན་བདག་དེ་ཡིན་ནོ། །


མདོར་ན་རྒྱུས་མེད་མི་ཡུལ་དཀའ་ངལ་རི་རབ་ལས་ཆེ་ཡང་། །

བོད་ཕྲུག་ང་ཚོ་སྡུག་གི་གཡང་གཟར་བྲག་རི་ལས་སྐྱོབ་ཞིང་། །

གནའ་དེང་ཤེས་བྱ་རིག་པའི་འདབ་བརྒྱ་གཤོག་ཟུང་དེ་གནང་བ། །

དམར་ཆུང་སྙིང་གི་དབུས་སུ་རྡོ་བརྐོས་རི་མོ་བཞིན་གནས་ཡོད། །


དེ་ལྟར་ཚེ་རབས་དུ་མར་བརྗེད་མེད་བཀའ་དྲིན་དག་བསམ་ནས། །

བོད་ཁྱིམ་འཛིན་སྐྱོང་སྤེལ་གསུམ་ཟླ་བཞིན་རྒྱས་པ་ཡི་སླད་དུ། །

ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་ཆོས་སྐྱོང་སྲུང་མ་ཡི་དྲུང་དུ། །

ལུས་སེམས་མཆོད་པ་འབུལ་ཞིང་སྐྱབས་འཇུག་སྨོན་ལམ་ཞིག་ཞུས་ཡོད། །

༢༠༡༠་༢༦་རྡ་ཤོད་བོད་ཁྱིམ་དུ་ཟབ་སྦྱོང་ལ་སླེབས་པའི་ཉིན་དང་པོར།