རྒྱ་ནག་ཀུའུ་གྲའུ་ཞིང་ཆེན་དུ་སྲིད་གཞུང་ལ་ངོ་རྒོལ།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་མི་མང་གིས་སྲིད་གཞུང་གི་ལས་བྱེད་པ་ཚོར་ངོ་རྒོལ་བྱེད་པ་དེ་ནི་ལོ་གཅིག་གི་ནང་གྲངས་ཁྲི་ཚོ་མང་པོ་བརྒལ་གྱི་ཡོད་ཅིང། ད་ཐེངས་ཀུའུ་གྲའུ་ཞིང་ཆེན་ཆཱན་ཞི་གྲོང་ཁྱེར་གྲོང་ཁྱེར་ནང་ངོ་རྒོལ་བྱས་པ་དེ་ནི་ཆེས་གསར་ཤོས་ཤིག་ཡིན་པ་རེད། ཐེངས་འདིའི་ངོ་རྒོལ་བྱེད་དོན་ནི། བུད་མེད་ཅིག་གིས་རྐང་འཁོར་བཀག་འཇོག་ཅིག་ལམ་དུ་བཞག་ཡོད་པ་དང། གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་རྐང་འཁོར་གཞུང་བཞེས་གཏོང་རྩིས་བྱས་པར་བརྟེན། ཁུལ་དེར་ཡོད་པའི་ཉེ་འཁོར་གྱི་མི་མང་སྟོང་ཚོ་མང་པོ་བུད་མེད་དེའི་རྒྱ་རྩར་ལངས་ཏེ། ཉེན་རྟོག་པའི་རླངས་འཁོར་གྱི་ཤེལ་སྒོ་བཅག་པ་དང་། གྲོང་གི་གཞུང་ལམ་རྣམས་བཀག་པ་སོགས་བྱས་ཡོད་ཅིང། ཉེན་རྟོག་པ་མི་སྣ་ཁ་ཤས་ལ་སྨས་སྐྱོན་ཡང་ཕོག་ཡོད་འདུག
དེ་ནས་ཉེན་རྟོག་པ་མང་པོ་ཕྱོགས་དེར་སླེབས་པ་དང་མི་ཚོགས་རྣམས་ཁ་འཐོར་དུ་ཕྱིན་ཏེ་གྲོང་གི་གནས་སྟངས་ལ་སྟངས་འཛིན་ཐུབ་བྱུང་ཡོད་ཅེས་གཞུང་གིས་ཕྱིར་སྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གི་ནན་ཁ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཉམས་ཞིབ་བྱས་པའི་སྙན་ཐོར་གཞིགས་ན། ༢༠༠༩ ལོར་རྒྱ་ནག་རྒྱལ་ཡོངས་ནང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དེ་གྲངས་ ༩༠༠༠༠ ལོན་ཡོད་པ་དང། ༢༠༡༡ ལོའི་གྲངས་ཚད་དེ་ནི་དེ་བས་ཀྱང་མང་བར་ཡོང་ཉེན་ཡིན་པ་མཁས་པ་ཚོས་སྔོན་དཔག་བྱས་ཟིན་ཡོད་པ་རེད། སྔར་དང་མི་འདྲ་བར་ད་ཐེངས་གྱི་ཆཱན་ཞི་གྲོང་ཁྱེར་གྱི་ངོ་རྒོལ་གྱི་གནས་ཚུལ་དེ་རྒྱ་ནག་ནང་དུ་མི་མང་ཚོས་ཕན་ཚུན་གླེང་མོལ་བྱེད་ཡུལ་ Weibo དྲ་གནས་སུ་ཡང་ཁྱབ་ཡོད་པ་རེད། སྲིད་གཞུང་ནི་དེ་ལ་འཇིགས་ཏེ་རང་དང་ལྟ་བ་མི་མཐུན་པའི་གླེང་མོལ་ཁྱབ་གདལ་དུ་མི་འགྲོ་བའི་ཆེད་དུ་དྲ་རྒྱ་དེ་གནས་སྐབས་རིང་བཀག་ཡོད་པ་ཡིན་འདུག