༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཨ་ཅེ་འོད་ཟེར་ལགས། ཁྱོད་ནི་མཛངས་མ་ཞིག༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

 

གངས་རིའི་རྒྱབ་ཀྱི་ངེས་དོན་རྩོམ་པ་པོ། །

ཁྱེད་ཉིད་གངས་ལྗོངས་ཡུལ་དུ་འཁྲུངས་པ་འདི། །

གངས་ཅན་བོད་པའི་བསོད་ནམས་གོ་སྐལ་དང་། །

གཞིས་བྱེས་བོད་མིའི་མཐུན་སྒྲིལ་ཟམ་པ་ཡིན། །


གངས་ལྗོངས་བདེན་པའི་རྩ་དོན་མི་ཉམས་ཆེད། །

རང་ལས་གཞན་གཅེས་འཛིན་པའི་ལྷག་བསམ་དང་། །

སྒེར་ལས་སྤྱི་དོན་འཛིན་ནས་ཐམས་ཅད་བྲིས། །

ཁྱོད་ནི་གངས་རིའི་ལྗོངས་ཀྱི་མཛངས་མ་ལགས། །


ཁྱེད་ཉིད་རང་ཡུལ་བཞག་ནས་གཞན་ཡུལ་འགྲིམས། །

མི་ཡུལ་ས་མཐའ་འགྲིམས་པའི་བརྒྱུད་རིམ་ཁྲོད། །

མི་རིགས་ང་དྲུག་འཛོམས་པའི་རྒྱ་གྲོང་ནང་། །

རང་ཉིད་གར་སོང་ཆ་མེད་མ་གྱུར་བར། །

 

 

མི་རིགས་རྒྱལ་ཁབ་བཅངས་པའི་ལ་ཞེན་དང༌། །

ཕ་ཡུལ་ཕ་མར་དུངས་པའི་ལ་རྒྱ་དེས། །

འགྲོ་བ་མི་རིགས་ཐོབ་ཐང་འདྲ་མཉམ་དང་། །

སྨྲ་བརྗོད་རང་དབང་ཡོད་པའི་གནས་ལུགས་དངོས། །


ཇི་བཞིན་བཀོད་པའི་རྩོམ་རིག་ཚངས་པའི་ཐིག །

གངས་ཅན་བོད་མིའི་མིག་ལམ་འཆར་ཐེངས་རེས། །

ལ་ཁའི་ཉི་མའི་རྗེས་འགྲོ་བོད་རིགས་ཚོར། །

སླར་ཡང་ཚེ་སྲོག་གསར་པའི་གོ་སྐལ་སྩོལ། །


རྒྱལ་ཞེན་རླབས་ཕྲེང་འབུམ་ཕྲག་མཁར་འཕྱོ་ཞིང་། །

རིགས་ཞེན་འོད་སྟོང་འབར་བའི་སྤུན་ཟླ་ཚོར། །

དྲང་དོན་གནས་ལུགས་འཚོལ་བའི་གཞོགས་འདེགས་དང༌། །

བདེན་པའི་ལོ་རྒྱུས་འབྲི་བར་བློ་སྤོབས་བསྐྲུན། །


མེས་པོའི་ཟུངས་ཕྲག་རྒྱུ་བའི་དྲོད་ཁྱིམ་ནས། །

ཞུམ་མེད་སྙིང་སྟོབས་ཁོལ་བའི་ལྷག་བསམ་དེས། །

གཅེས་སྲོག་དཔང་པོར་བཞག་ནས་བྲིས་པ་ཡི། །

དྲང་བདེན་རྩོམ་རིག་ཚིག་གི་འོད་སྣང་འབུམ། །


རྫུན་འབག་གྱོན་པའི་རྒྱ་རིགས་དཔོན་ངན་ཚོའི། །

མུན་པའི་མིག་ལ་མངོན་པར་འཆར་བའི་ཚེ། །

སྙིང་རྩ་འདར་ཞིང་ཁོང་ཁྲོའི་རླུང་འཚུབ་ལྡང་། །

ཁྱེད་ནི་མཛངས་མའི་ནང་ནས་མཛངས་མ་ཡིན། །


ཁྱོད་ནི་མཛངས་མ་ཟེར་ནས་ངོམས་རྒྱུ་དང༌། །

དེང་རབས་བུད་མེད་ཟེར་བཞིན་མིག་ལྟོས་ཏེ། །

ཁམས་ཀྱི་ན་མོ་བརྗོད་ནས་དགའ་ས་དང༌། །

ཡུལ་གྱར་བུ་མོ་སྟོང་གི་དབུ་རྒྱན་ལགས། །