རྒྱ་ནག་གཞུང་གིས་དགེ་འདུན་པ་བཞི་འཛིན་བཟུང་བཀག་ཉར།

འབྲེལ་ཡོད་གནས་ཚུལ་རྩད་ཆོད་བྱུང་བ་འདི་གར་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཚེས་ ༢ ཉིན་གྱི་ཞོགས་པ་སྔ་མོའི་ཆུ་ཚོད་ ༣ པ་ཙམ་ལ་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པ་བཅུ་གྲངས་ཞིག་ཀན་ལྷོ་ཁུལ་ཁོངས་གཏོགས་ཀྱི་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་ལ་ཡོང་ནས། གསང་རྒྱ་དམ་པོས་དགོན་པའི་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་དང་། འཇིགས་མེད་བསམ་གཏན། སྐལ་རྒྱམ། ཡོན་ཏན་བཅས་དགེ་འདུན་པ་བཞི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག།

ཁོ་ཚོ་དུས་ཡུན་གང་མཚམས་རིང་འདྲི་རྩད་བྱས་མཐར་དགེ་འདུན་པ་ཡོན་ཏན་དང་། སྐལ་རྒྱམ་གཉིས་གནས་ཚུལ་དེ་གཞན་ལ་མི་བཤད་རྒྱུའི་ཁས་ལེན་དང་། བཤད་ན་ཉེས་ཆད་ལྗིད་པོ་ཕོག་སྲིད་པའི་ཉེན་བརྡ་དང་བཅས་གློད་དཀྲོལ་བཏང་ཡོད་ཀྱང་། གཞན་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་དང་། འཇིགས་མེད་བསམ་གཏན་གཉིས་མ་བཏང་བར་མུ་མཐུད་བཀག་ཉར་བྱས་ཡོད་པ་རེད་འདུག། ཁོ་གཉིས་དེ་སྔོན་ ༢༠༠༨ ལོའི་ས་གནས་དེའི་བོད་མིའི་ཞི་རྒོལ་ཆེན་མོར་འབྲེལ་བ་ཡོད་ཚུལ་གྱིས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་མགོ་མ་བསྒུར་ན་འཛིན་བཟུང་བྱེད་རྒྱུ་ཡིན་པའི་ཡིག་ཆ་ཡང་བཀྲམ་པའི་ཁོངས་སུ་ཡོད་པ་རེད་འདུག།

རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་ནི་ཕྱི་ལོ་ ༡༩༣༡ ལོར་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་དང་མཁན་པོ་སྐུ་ཕྲེང་བཞི་པ་རྣམ་གཉིས་ཀྱིས་ཕྱག་འདེབས་མཛད་པ་དེ་སྔོན་ཀན་ལྷོ་བསང་ཆུའི་ཁོངས་དང་། དེང་སང་ཐད་ཀར་ཀན་ལྷོ་གཙོས་གྲོང་ཁྱེར་ཁོངས་སུ་གཏོགས་པ་ཡིན་པར། ༢༠༠༨ ལོར་དགོན་པའི་དགེ་འདུན་པ་དང་ས་གནས་བོད་མིས་ཁུལ་དེར་ཞི་རྒོལ་ལས་འགུལ་སྤེལ་བར་དགོན་པའི་དགེ་འདུན་པ་༢༠ ལྷག་འཛིན་བཟུང་བཙོན་འཇུག་བྱེད་མྱོང་ཡོད་པ་རེད། ད་ལྟ་དགོན་པ་དེར་དགེ་འདུན་པ་ཞལ་གྲངས་བཞི་བརྒྱ་ལྷག་ཡོད་པ་རེད་འདུག།