བོད་མཚོ་སྔོན་ཕྱོགས་སུ་སེར་བ་དང་ཆུ་ལོག་གི་གནོད་སྐྱོན།
བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ དང་༡༤ ཉིན་གཉིས་ཀྱི་དགོང་དྲོ་བསྟུན་མར་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་སྒོ་དམར་ཕྱོགས་དང་། མཚོ་ལྷོ་ཁུལ་མང་ར་རྫོང་སྒོ་མང་གྲོང་བརྡལ་སོགས་སུ་སེར་བ་དང་དྲག་ཆར་ཤུགས་ཆེན་བབས་ཐོག ཆུ་ལོག་བརྒྱུགས་ནས་ས་གནས་ཡུལ་མིའི་ཁང་པ་དང་། ས་ཞིང་ལོ་ཏོག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་མ་ཟད། ཡུལ་མི་ཚོའི་འཚོ་བར་དཀའ་ངལ་བཟོས་ཡོད་འདུག
ལྷག་དོན་སྐབས་དེར་བབས་བའི་སེར་བའི་ཆེ་ཆུང་ལ་བྱ་སྒོང་ཙམ་ཡོད་པ་དང་། དེ་འདྲ་འདས་པའི་མི་ཚེའི་ནང་མཐོང་མ་མྱོང་ཞེས་ས་གནས་ཡུལ་མི་རྒན་རབས་པ་ཚོས་བཤད་ཀྱི་ཡོད་འདུག། རང་བྱུང་གནོད་སྐྱོན་དེས་ས་གནས་ཡུལ་མི་ཚོའི་ཁང་པའི་ཤེལ་སྒོ་དང་། ཞིང་ཁའི་འབྲུ་རིགས། རླངས་འཁོར། གཞུང་ལམ་སོགས་ལ་གཏོར་སྐྱོན་ཐེབས་ཡོད་པ་དང་། ད་བར་མི་ཤི་རྨས་བྱུང་ཡོད་མེད་དང་སྒོ་ཕྱུག་སེམས་ཅན་རིགས་ལ་གནོད་སྐྱོན་གང་འདྲ་བྱུང་ཡོད་མེད་སོགས་ཀྱི་ཐད་གནས་ཚུལ་གསལ་ཁ་མི་འདུག །