བལ་ཡུལ་གྱི་སྲིད་བློན་དགོངས་ཞུ།
ཟླ་འདི་ཚེས་༡༤ ཉིན་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་Jhala Nath Khanal མཆོག་གིས་གློ་བུར་སྲིད་འཛིན་ལ་དགོངས་ཤོག་ཕུལ་ནས་རྒྱལ་ཁབ་ཀྱི་སྲིད་བློན་གྱི་མཚན་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། དེ་ནི་ད་བར་ཁོ་རང་རྒྱལ་ཁབ་ཀྱི་སྲིད་བློན་ལ་བཞུགས་རིང་རྒྱལ་སྲིད་བརྟན་བརླིང་དང་རྒྱལ་ཁབ་ཀྱི་ཞི་འགྲིག་ལས་དོན་འགྲུབ་ཐབས། རྩ་ཁྲིམས་གསར་བཟོའི་ཟིན་བྲིས་ཡོངས་སུ་ལེགས་འགྲུབ་ཡོང་ཐབས་བཅས་ལ་དམིགས་ནས་ལྷག་བསམ་རྣམ་དག་བྱས་ཀྱང་མཐའ་མའི་ནང་ཁུལ་གྲོས་མཐུན་མ་བྱུང་བ་དང་། ལྷག་བསམ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ཞན་པ་བཅས་ལ་བརྟེན། རྒྱལ་ཁབ་ཀྱི་སྲིད་བློན་ནས་རྩ་དགོངས་ཞུས་པ་ཡིན་སྐོར་གསུངས་ཡོད་པ་རེད།
དགོངས་ཞུ་བྱས་རྗེས་ཁོང་གིས་གྲོས་ཚོགས་སུ་གཏམ་བཤད་སྐབས། བལ་ཡུལ་རྒྱལ་ནང་དུ་ཞི་འགྲིག་ལས་དོན་འགྲུབ་ཐབས་བྱེད་རྒྱུ་དང་དེ་ལྟར་མ་བྱུང་བའི་ཚེ་སྲིད་བློན་ནས་དགོངས་ཞུ་བྱེད་རྒྱུ་ཐོག་མའི་དམ་བཅའ་ཡིན་ཚུལ་དང་། ཟླ་ངོ་དྲུག་ལྷག་རྒྱལ་ཁབ་ཀྱི་སྲིད་བློན་བྱས་རིང་ཞི་འགྲིག་ལས་དོན་ཆེད་དམར་ཕྱོགས་མོའི་རིང་ལུགས་པའི་ངོས་ནས་འདོད་བློ་ཁེངས་བའི་མཐུན་འགྱུར་བྱུང་མེད་པ་གསལ་སྟོན་བྱས་པ་དང་མཉམ་Congress ཆབ་སྲིད་ཚོགས་པ་དང་དམར་ཕྱོགས་མའོ་རིང་ལུགས་པའི་ཆབ་སྲིད་ཚོགས་པ་གཉིས་ནས་ལྷག་བསམ་དང་བློས་གཏོང་མ་བྱས་ཚེ་རྒྱལ་ཁབ་ཀྱི་ཞི་འགྲིག་ལས་དོན་འགྲུབ་ཐབས་མེད་ལུགས་བརྗོད་ཡོད་པ་རེད།
ད་ཆ་བསྐྱར་དུ་བལ་ཡུལ་རྒྱལ་ཁབ་ལ་སྲིད་བློན་མེད་པར་གྱུར་པ་དང་། ཞི་འགྲིག་ལས་དོན་འགྲུབ་མེད་པ། ནང་ཁུལ་རྩོད་རྙོག་ཆེ་བའི་སྐབས་ད་དུང་ཆབ་སྲིད་ཚོགས་པ་ཚོའི་བར་མོས་མཐུན་ཡག་པོ་ཞིག་མ་བྱུང་བ་ཡིན་ན། རྒྱལ་ཁབ་དང་མི་མང་ལ་དོ་ཕོག་ཐེབས་ནས་མུ་མཐུད་དཀའ་རྙོག་མང་པོའི་ཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད།
དེའི་སྔོན་ལོ་གཅིག་ཙམ་རིང་སྲིད་བློན་གཏང་རྗེས་དགོངས་ཞུ་བྱེད་དགོས་བྱུང་བའི་སྲིད་བློན་མཱ་དྷར་ནེ་པ་ལུ་མཆོག་གིས་ཀྱང་སྐབས་དེར་མཱའོ་ཆབ་སྲིད་ཚོགས་པ་གཙོས་པའི་བལ་ཡུལ་གྱི་ཆབ་སྲིད་པ་ཁག་ལ། མ་འོངས་པའི་ལངས་ཕྱོགས་ཚད་ལྡན་ཞིག་འཛིན་དགོས་པ་དང། གཡོ་རྒྱུ་དང་ཁྲིམས་འགལ་གྱི་ལས་རིགས་དོར་ན་མ་གཏོགས་ཡོང་ཐབས་མེད་པ་ནན་བརྗོད་བྱས་ཡོད་པ་རེད།
ད་ཆ་དགོངས་ཞུ་བྱས་མ་ཐག་པའི་སྲིད་བློན་སྐུ་ཞབས་ Jhala Nath Khanal མཆོག་རྒྱལ་ཁབ་གྱི་སྲིད་བློན་ལ་བཞུགས་ནས་དུས་ཡུན་ཟླ་ངོ་དྲུག་ལྷག་ལས་ཕྱིན་མེད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།