རྟའུ་ཉ་མཚོ་དགོན་པར་བརྒྱུད་ལམ་ཚང་མ་བཀག་འདུག

ལས་འགུལ་དེ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། དྷ་སའི་ས་གནས་གཞོན་ལྷན་བཅས་ཚོགས་པ་བཞིས་གོ་སྒྲིག་འོག་བྱས་ཡོད་པ་རེད།
དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་གྱི་གནས་ཚུལ་མི་མང་ལ་ངོ་སྤྲོད་བྱས་པ་དང་། དེ་ནས་ས་གནས་སུ་རྒྱུས་མངའ་ཡོད་པའི་ཆབ་སྲིད་བཙོན་ཟུར་བློ་བཟང་བྱམས་པ་ལགས་ཀྱིས་གསུང་དོན། བོད་ཁམས་རྟའུ་ཁུལ་གྱི་མི་མང་གིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་ས་གནས་དེའི་ལྷ་རིའི་ཐོག་ལ་བསང་གསོལ་བྱེད་སྲོལ་ཡོད་ཀྱང་། ད་ལོ་རྒྱ་གཞུང་གི་དམག་མིས་བཀག་འགོག་བྱས་པ་རེད། དེརྗེས་རྒྱ་གཞུང་གིས་དགོན་དང་བཙུན་དགོན་གཉིས་ཀྱི་ནང་ཆུ་དང་གློག་བཀག་པ་དང་། ཆུ་དེ་ཚོ་དགོན་པ་རང་ཉིད་ཀྱི་འགྲོ་གྲོན་གཏོང་བ་ལས་རྒྱ་གཞུང་གི་སྐར་གཅིག་གི་འགྲོ་གྲོན་བཏང་ཡོད་པ་མ་རེད།  ཆུ་རྐ་ལ་ཐེངས་དྲུག་ཙམ་བཟོས་ཀྱང་རྒྱ་དམག་གིས་བཅག་པ་སོགས་སུན་གཙེར་ཚད་མེད་བྱས་ཡོད་འདུག 

གནས་ཚུལ་དེས་རྐྱེན་པས་དེ་རིང་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་གི་ཆེད་སྐུ་སྲོག་བློས་བཏང་བ་རེད། རྒྱ་དམག་གིས་དགོན་པ་ཡོངས་སུ་བསྐོར་ནས་ཕུང་པོ་འཕྲོག་རྩིས་བྱེད་བཞིན་འདུག་ཟེར། ཆུ་ཚོད་༡༢ བར་ང་ཚོས་འབྲེལ་བ་བྱེད་ཐུབ་ཀྱི་འདུག དེ་རྗེས་ཁ་པར་དང་གློག་འཕྲིན་སོགས་བརྒྱུད་ལམ་ཡོངས་རྫོགས་བཀག་ནས་བོད་ཀྱི་ས་ཆ་གཞན་ནས་རྟའུ་ཁུལ་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རང་རིགས་སྤུན་ཟླ་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ནས། རྒྱལ་སྤྱིའི་ཁྱོན་ལ་ཛ་དྲག་གི་གནས་སྟངས་འདི་ཚོ་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསུང་དོན། ཇི་སྲིད་བོད་ལ་རྒྱ་གཞུང་གི་སྲིད་ཇུས་ལྷོད་དུ་མ་སོང་བར་དེ་སྲིད་དུ་བོད་མི་རྣམས་ཀྱི་ལས་འགུལ་མཚམས་འཇོག་གི་མ་རེད། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་ཟིན་རྗེས་བོད་དོན་བརླག་པའི་རེ་ངན་དེ་ནི་ཉིན་མོའི་རྨི་ལམ་རེད་ལ། ང་ཚོ་ཕྱི་ལ་ཡོད་པའི་ན་གཞོན་རྣམས་ཀྱི་སྔར་ལྷག་འགན་ཁྱེར་ནས་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།།